logo

ཆོས་སྲིད་ཟུང་འཇུག་ལ་དཔྱད་པ་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི།

རྩོམ་པ་པོ།:མཁན་ཆེན་ཚུལ་ཁྲིམས་བློ་གྲོས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-01 ཀློག་གྲངས།:
      དེ་བཞིན་དུ་མདོ་སྡེ་དྲན་པ་ཉེར་བཞག་ལས་གསུངས་པའི་དོན་རྣམས་འཇམ་མགོན་མི་ཕམ་རྒྱ་མཚོའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས་གསུངས་པ་ནི། དེ་ཉིད་ལས། ཕྱོགས་ལྷུང་མེད་པ་ཞེས་བྱ་བ། །ཡུལ་ལྗོངས་ཀུན་ལ་ཕ་མ་ལྟར། །སྙོམས་ཤིང་བཤེས་ངོར་མི་བྱེད་པ། །ཡོན་ཏན་ཆོས་འདི་ཉེར་གསུམ་པ། །ཞེས་དང་། འབངས་ཀྱི་བདེ་ཐབས་ལེགས་བསམས་ནས། །གང་ཕན་ཐབས་ཀྱིས་འཁོར་འབངས་ཀུན། །དབུགས་དབྱུང་རིགས་པར་བདེར་སྐྱོང་བ། །ས་ལ་དབང་གྱུར་སོ་གཉིས་པ། །ཞེས་དང་། གཞན་ཡང་དེ་ཉིད་ལས། བདག་ནི་མགོན་དང་བཅས་སྙམ་རེ་སེམས་ཀྱིས། །ཉམ་ཆུང་མཆི་མས་བརྣངས་པའི་སྨྲེ་སྔགས་ཀྱིས། །ས་བདག་ལ་ནི་བདེན་པའི་དོན་གསོལ་བ། །ཡལ་བར་འདོར་བ་སེམས་ཀྱིས་ཇི་ལྟར་བཟོད། །ཞེས་གསུངས་ཏེ། འབངས་རྣམས་དཔོན་པོ་ལ་རང་གི་སྐྱིད་སྡུག་ཞུ་བར་བྱུང་ན་དེ་ལ་རྒྱལ་པོས་ཇི་བཞིན་དུ་ཉན་ནས་དོན་བསྒྲུབ་དགོས་པ་ལས་ཡལ་བར་མི་འདོར་བ་དང་། དེར་མ་ཟད་ཉམ་ཆུང་རྣམས་ཀྱིས་རྒྱལ་པོ་ལ་ཞུ་མི་ཕོད་པས་འབངས་རྣམས་ཀྱི་བདེ་སྡུག་ལ་རྒྱལ་པོ་རང་ཉིད་ཀྱིས་བརྟག་དབྱད་བྱ་དགོས་པར་གསུངས་ཏེ། དེ་ཉིད་ལས། ཤིན་ཏུ་ཉམ་ཆུང་རྣམས་ཀྱིས་མི་བདག་ལ། །ཞུ་བར་རྔོ་མི་ཐོགས་པ་མང་བའི་ཕྱིར། །དུས་དང་དུས་སུ་འབངས་ཀྱི་བདེ་སྡུག་ལ། །ཚུལ་བཞིན་རྟོག་ཅིང་དཔྱོད་པ་མཁས་པ་ཡིན། །རང་ཉིད་བདེ་བར་གནས་པ་ཕལ། །ཕ་རོལ་ཉམས་ལ་ལྟ་བ་དཀོན། །གཞན་གྱི་ཁོང་དུ་ཞུགས་པ་ལྟའི། །བསམ་དཔྱོད་ཅན་གྱི་རྗེ་བོ་བཟང་། །ཞེས་སོ། །
      མདོར་ན་རྒྱལ་པོ་རྣམས་ཀྱིས་རང་གི་སྲོག་ལའང་མི་བལྟ་བར་འབངས་རྣམས་ལ་སྙིང་རྗེ་བསྐྱེད་ནས་བསྐྱང་དགོས་པར་གསུངས་ཏེ། དེ་ཉིད་ལས། རྣམ་པ་ཀུན་ཏུ་སེམས་ཀྱིས་ཡོངས་བརྟགས་ཀྱང་། །བདག་ལས་ཆེས་སྡུག་འགའ་ཡང་མ་མཐོང་བ། །དེ་ལྟར་སོ་སོར་གཞན་ལའང་རང་སྡུག་པ། །དེ་ཕྱིར་བདག་དགས་གཞན་ལ་གནོད་མི་བྱ། །བདེ་བ་འདོད་དང་སྡུག་བསྔལ་མི་འདོད་པར། །སྐྱེ་བོ་ཀུན་ཀྱང་ཤིན་ཏུ་མཉམ་པའི་ཕྱིར། །བདག་གི་ཚུལ་ལ་བལྟས་ནས་འགྲོ་བ་གཞན། །ཤིན་ཏུ་ཕོངས་པར་གྱུར་ལ་སྙིང་རྗེར་བྱེད། །བདག་ནི་སྐྱེ་བོ་འདི་ཡི་མགོན་གྱུར་ལ། །འདི་ཀུན་བདག་ལ་རེ་ཞིང་ལྟ་བྱེད་པས། །བདག་གི་སྲོག་ནི་བཏང་བར་ཆེས་བླ་ཡི། །འདི་རྣམས་བཏང་བར་མི་བྱ་སྙམ་དུ་བསམ། །ཞེས་གསུངས་སོ། །
      དེ་ལས་ལྡོག་ན་རྒྱལ་པོར་མི་འོས་པར་གསུངས་ཏེ། དེ་ཉིད་ལས། སྐྱབས་མེད་རྣམས་ལ་སྐྱབས་སུ་མི་བགྱིད་ཅིང་། །ཇི་ལྟར་ནུས་པས་དབུགས་འབྱིན་མི་སྩོལ་བར། །འབངས་ཀྱི་ནོར་ལེན་འབངས་ལ་མི་སེམས་རྣམས། །ཁྲེལ་ལྡན་ཡིན་ན་ཁྲེལ་མེད་གཞན་སུ་ཞིག། །ཞེས་གསུངས་ཤིང་། མདོར་ན་རང་ཉིད་ཀྱིས་རྒྱལ་པོའམ་དཔོན་པོའི་གོ་ས་ཐོབ་ནས་འབངས་རྣམས་ལ་ཕན་པ་དང་བདེ་སྐྱིད་ཇི་ལྟར་བསྒྲུབ་པ་ལ་བརྩོན་པར་བྱ་དགོས་ཀྱི། གཞན་དུ་དཔོན་གྱི་གོ་ས་ཐོབ་ནས་འབངས་རྣམས་ཀྱི་ནོར་རྫས་རྣམས་ཐབས་ཤེས་སྣ་ཚོགས་ཀྱིས་འཕྲོག་པའི་བསམ་པ་མི་བྱེད་པར་གསུངས་ཏེ། དེ་ཉིད་ལས། གོ་ས་ཐོབ་ནས་ཕ་རོལ་ལ། ཇི་ལྟར་ཕན་པར་འགྱུར་སྙམ་དུ། །སྦྱིན་པའི་བསམ་པ་བསྐྱེད་བྱ་ཡི། །འཕྲོག་པའི་བསམ་པ་བསྐྱེད་མི་བྱ། །ཞེས་གསུངས་སོ། །
      མདོར་ན་ཆོས་སྲིད་ཟུང་འཇུག་གི་ཆབ་སྲིད་ཅེས་པ་དེ་རྒྱལ་པོ་རྣམས་ཀྱིས་སྲིད་ཀྱི་དབང་ཆ་ལ་བརྟེན་ནས་རང་ཉིད་ཀྱི་སྲིད་དབང་སྲ་བརྟན་གཏོང་བའི་ཆེད་དུ་མི་དམངས་རྣམས་ལ་མངོན་པ་དང་མི་མངོན་པའི་ཐབས་ཚུལ་སྣ་ཚོགས་ཀྱིས་གཉའ་གནོན་དང་བཤུ་གཞོག་བྱེད་པ་མ་ཡིན་པར་འབངས་རྣམས་ལ་སྙིང་བརྩེ་བའི་སྒོ་ནས་དེ་རྣམས་བདེ་ཐབས་དང་སྐྱིད་ཐབས་ཁོ་ན་ལ་སྙིང་ཐག་པ་ནས་བརྩོན་པར་བྱེད་པའི་སྲིད་ཅིག་ཡིན་པར་གསུངས་སོ། །
༢ ཆོས་སྲིད་ཟུང་འཇུག་གི་ཁྲིམས་ལུགས།
      གཉིས་པ་ཆོས་སྲིད་ཟུང་འཇུག་གི་ཁྲིམས་ལུགས་ནི།  ཁྲིམས་འགལ་གྱི་ནག་ཉེས་ཅན་རྣམས་ལ་ཆད་པ་གཅོད་པའི་ཚེ་ནའང་སྲོག་ཐོག་གི་ཆད་པ་དང་མིག་འབྲུ་བ་སོགས་དབང་པོ་ཉམས་པར་བྱེད་པ་དང་རྐང་ལག་གཅོད་པ་སོགས་མི་བྱེད་པར་ཤིན་ཏུ་ཡ་རབས་ཀྱི་ཁྲིམས་ལུགས་དང་ཆད་པ་ཞིག་ལག་བསྟར་བྱ་དགོས་པར་གསུངས་ཏེ། དེ་ཉིད་ལས། སྨྲས་པ། བྲམ་ཟེ་རྣམ་པ་གང་གིས་ན་ཇི་ལྟར་ཆོས་དང་ལྡན་པའི་རྒྱལ་པོ་སྙིང་རྗེ་ཅན་མི་སྲུན་པ་ཆད་པས་གཅོད་པ་ཡིན། སྨྲས་པ། རྒྱལ་པོ་ཆེན་པོ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་སྙིང་རྗེ་ཅན་ནི་གནས་ལྔ་ལ་དྲན་པ་ཉེ་བར་བཞག་ཅིང་མི་སྲུན་པ་ཆད་པས་གཅོད་པ་ལགས་སོ། །དེ་ཡང་ཡང་དག་པས་ལགས་ཀྱི་ལོག་པས་མ་ལགས་སོ། །དུས་སུ་ལགས་ཀྱི་དུས་མ་ལགས་པས་མ་ལགས་སོ། །དོན་དང་ལྡན་པར་ལགས་ཀྱི་དོན་དང་མི་ལྡན་པར་མ་ལགས་སོ། །འཇལ་བར་ལགས་ཀྱི་བརླང་བར་མ་ལགས་སོ། །བྱམས་པས་ལགས་ཀྱི་ཞེ་སྡང་གིས་མ་ལགས་སོ། །སྨྲས་པ། རྣམ་པ་གང་གིས་ཇི་ལྟར་ན་ཡང་དག་པས་ཡིན་གྱི་ལོག་པས་མ་ཡིན་ཞེས་བྱ། སྨྲས་པ། གལ་ཏེ་གཡོན་ལ་མི་གནས་པ་མ་ལགས་ཀྱི་ཡང་དག་པར་གཡོན་ལ་གནས་པར་གྱུར་པའོ། །སྨྲས་པ། ཇི་ལྟར་ན་དུས་སུ་ཡིན་གྱི་དུས་མ་ཡིན་པར་མ་ཡིན་ཞེས་བྱ། སྨྲས་པ། གལ་ཏེ་རྒྱལ་པོས་མི་སྲུན་པ་ཆད་པས་བཅད་པའི་མཐུ་མཆིས་ན་ལགས་ཀྱི་མཐུ་མ་མཆིས་ན་མ་ལགས་པའོ། །སྨྲས་པ། ཇི་ལྟར་ན་དོན་དང་ལྡན་པར་ཡིན་གྱི་དོན་དང་མི་ལྡན་པར་མ་ཡིན་ཞེས་བྱ། སྨྲས་པ། གལ་ཏེ་ཁས་བླངས་པ་ལ་གནས་པར་བགྱིས་པ་ལགས་ཀྱི་གནས་པར་མ་བགྱིས་པ་མ་ལགས་སོ། །སྨྲས་པ། ཇི་ལྟར་ན་འཇལ་བར་ཡིན་གྱི་བརླང་བར་མ་ཡིན་ཞེས་བྱ། སྨྲས་པ། གལ་ཏེ་སྐྱོན་བརྗོད་པ་ཙམ་གྱིས་འགྲུབ་པར་རྟོགས་པ་ཞིག་ན་ཡང་བཅིང་བ་དང་གསད་པ་ལ་སོགས་པས་གནོད་པར་མི་བགྱི་བར་ཡང་དག་པར་སྐྱོན་བརྗོད་པ་ལགས་ཀྱི་སྐྱོན་མ་བརྗོད་པར་མ་ལགས་སོ། སྨྲས་པ། ཇི་ལྟར་ན་བྱམས་པས་ཡིན་གྱི་ཞེ་སྡང་གིས་མ་ཡིན་ཞེས་བྱ། སྨྲས་པ། གལ་ཏེ་སྐྱོན་བརྗོད་པ་ཙམ་གྱིས་མི་འགྲུབ་པར་རྟོགས་པ་ཞིག་ན་འགུམ་པ་དང་དབང་པོ་ཉམས་པར་བགྱིད་པ་དང་། ཡན་ལག་གཏུབ་པ་མ་གཏོགས་པར་བྱམས་པའི་སེམས་དང་སྙིང་རྗེའི་སེམས་ཉེ་བར་བཞག་སྟེ་བཅིང་བ་དང་གོ་རར་སྩལ་བ་དང་། བརྡེག་པ་དང་། བསྡིགས་པ་དང་། གནོད་པར་བགྱིད་བ་དང་། སྦྱོར་བ་དང་། བརྒྱད་བཀག་པ་དང་། གནས་ནས་བཀར་བ་དང་། ལོངས་སྤྱོད་འཕྲོག་པ་ལ་སོགས་པ་བརླང་བའི་རྣམ་པ་རྣམས་ཀྱིས་བརླང་བར་བགྱི་བ་སྟེ། དེ་ལས་འདས་པར་བརླང་བར་བགྱི་བ་མ་ལགས་སོ། སྨྲས་པ། བྲམ་ཟེ་ཇི་ལྟར་ན་ཆོས་དང་ལྡན་པའི་རྒྱལ་པོ་བརླང་བའི་རྣམ་པ་དེ་དག་གིས་སེམས་ཅན་མི་སྲུན་པ་དག་ལ་བྱམས་པའི་སེམས་དང་སྙིང་རྗེའི་སེམས་ཉེ་བར་བཞག་ཅིང་བརླང་བར་སྤྱོད་པ་ཡིན། དེ་སྐད་ཅེས་སྨྲས་པ་དང་། གཅེར་བུ་པའི་བུ་བདེན་སྨྲས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་འདི་སྐད་ཅེས་སྨྲས་སོ། རྒྱལ་པོ་ཆེན་པོ་དེའི་སླད་དུ་དོན་འདི་རབ་ཏུ་བསྒྲུབ་པའི་སླད་དུ་དཔེ་གསན་དུ་གསོལ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་བགྱི་ན་ཕས་བུ་མི་སྲུན་པ་ཞིག་བཅོས་པར་འཚལ་ན་བྱམས་པའི་སེམས་དང་སྙིང་རྗེའི་སེམས་ཉེ་བར་བཞག་སྟེ། དགུམ་པ་དང་དབང་པོ་ཉམས་པར་བགྱི་བ་དང་། ཡན་ལག་གཏུབ་པ་མ་གཏོགས་པར་གནོད་པའི་རྣམ་པ་གཞན་གྱིས་བརླང་བར་བགྱིད་དེ། འོན་ཀྱང་དེ་ལ་གཏང་བའི་སེམས་སམ། གནོད་པར་བགྱི་བའི་སེམས་མི་འབྱུང་སྟེ། གཞན་དུ་ན་ཉེས་པ་བཟློག་པ་ཉིད་ཀྱི་ཆེད་དུ་བགྱིས་ཏེ། ཉེས་པ་མ་བྱུང་བ་རྣམས་མི་འབྱུང་བར་བྱའོ་སྙམ་སྟེ་བརླང་བར་བགྱིད་དོ། །དེ་བཞིན་དུ་རྒྱལ་པོ་ཆོས་དང་ལྡན་པ་ཡང་སྐྱེ་དགུ་རྣམས་ལ་བུའི་འདུ་ཤེས་ཉེ་བར་གཞག་སྟེ། སེམས་ཅན་མི་སྲུན་པ་རྣམས་འཆོས་ན་སྲོག་བཅད་པ་དང་། དབང་པོ་ཉམས་པར་བགྱི་བ་དང་། ཡན་ལག་གཏུབ་པ་མ་གཏོགས་པར་བྱམས་པའི་སེམས་དང་སྙིང་རྗེའི་སེམས་སུ་བགྱིས་ཏེ་བཅིང་པ་དང་། གོ་རར་སྩལ་བ་དང་། བརྡེག་པ་དང་། བསྡིགས་པ་དང་། སྦྱོར་བ་དང་། བརྒྱད་བཀག་པ་དང་། གནས་ནས་བཀར་བ་དང་། ལོངས་སྤྱོད་འཕྲོག་པ་ལ་སོགས་པ་བརླང་བའི་རྣམ་པ་རྣམས་ཀྱིས་བརླང་བར་བགྱིད་ཅིང་། དེ་སེམས་ཅན་དེ་དག་ལ་གཏང་བའི་སེམས་སམ་གནོད་པར་བགྱི་བའི་སེམས་མི་འབྱུང་སྟེ། གཞན་དུ་ན་ཉེས་པ་བཟློག་པ་ཉིད་ཀྱི་ཆེད་དུ་བགྱིས་ཏེ། དེ་མ་ལགས་པ་གཞན་རྗེས་སུ་བསླབ་པ་དང་། ཉེས་པ་མ་བྱུང་བ་རྣམས་མི་འབྱུང་བར་བྱའོ་སྙམ་སྟེ། བརླང་བར་བགྱིད་དོ། །ཞེས་གསུངས་སོ། །
      འོ་ན་ཆད་པ་གཅོད་པར་འོས་པའི་ཉེས་པ་ཅན་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཉེས་པ་རྣམ་པ་ལྔའི་ནང་དུ་བསྡུས་ནས་གསུངས་ཏེ།
      དང་པོ་ནི། ཡང་དེ་ཉིད་ལས། སྨྲས་པ། བྲམ་ཟེ་མི་སྲུན་པ་དེ་དག་ཇི་ལྟ་བུ་ཡིན་པར་ཤེས་པར་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་མདོར་ན་མི་སྲུན་པ་ནི་རྣམ་པ་ལྔར་མཁྱེན་པར་བགྱི་སྟེ། རྒྱལ་པོ་ལ་གནོད་པ་བགྱིད་པ་དང་། གཅིག་ལ་གཅིག་གནོད་པར་བགྱིད་པ་དང་། བཀའ་མི་ཉན་པ་དང་། ལོག་པས་འཚོ་བ་དང་། ལོག་པར་ཞུགས་པ་ལགས་སོ། །དེ་ལ་རྒྱལ་པོ་ལ་གནོད་པ་བགྱིད་པ་ནི་འགུམས་པ་དང་། འགུམས་སུ་སྩོལ་བ་དང་། དུག་སྩོལ་བ་དང་། ཕྱག་མཛོད་རྐུ་བ་དང་། དོན་མ་རུང་བར་བགྱིད་པ་དང་། བཙུན་མོ་འདྲིད་པ་དང་། བཀའ་ལྟར་མི་བགྱིད་པ་དང་། གསང་མི་ཐུབ་པ་དང་། ཁམས་ཀྱི་དཀྲུགས་མ་བགྱིད་པ་དང་། ཁ་རྒོད་མཆི་བ་དང་། ཁ་ཕྱར་གཏོང་བ་དང་། དེ་ལྟ་བུ་ལ་སོགས་པ་དག་ནི་རྒྱལ་པོ་ཆེན་པོ་རྒྱལ་པོ་ལ་གནོད་པ་བགྱིད་པ་ལགས་པར་མཁྱེན་པར་བགྱིའོ། །ཞེས་གསུང་ཏེ། འདི་ནི་རྒྱལ་པོ་བསད་པའམ་གསོད་མ་ཐུབ་ཀྱང་གསོད་པའི་བྱ་བ་བསྒྲུབས་པ་ལ་སོགས་པའོ། །
      གཉིས་པ་ནི། ཡང་དེ་ཉིད་ལས། དེ་ལ་གཅིག་ལ་གཅིག་གནོད་པར་བགྱིད་པ་ནི་སེམས་ཅན་འདི་དག་གཅིག་ལ་གཅིག་སྲོག་ལ་རྒོལ་བའམ། ལོངས་སྤྱོད་འཕྲོག་པའམ། མཆིས་བྲང་ལ་བྱི་བོ་བགྱིད་པའམ། སྒྱུའི་དབང་གིས་ཕ་རོལ་བསླུ་བའམ། མཛའ་བ་འབྱེད་པའམ། ངག་མི་སྙན་པས་འཐབ་པའམ། ལས་དང་། སྲང་དང་ཚད་སྒྱུ་མས་གཞན་འདྲིད་པའམ། གཅིག་ལ་གཅིག་མི་སྙན་པར་བརྗོད་པའམ། རྒྱལ་པོ་ཆེན་པོ་དེ་ལྟ་བུ་ལ་སོགས་པ་དག་ནི་གཅིག་ལ་གཅིག་གནོད་པ་བགྱིད་པ་ལགས་པར་མཁྱེན་པར་བགྱིའོ། །ཞེས་གསུངས་ཏེ། འབངས་རྣམས་ཀྱིས་ནང་ཕན་ཚུན་དུ་གསོད་པ་དང་རྐུ་བ་དང་ལོག་གཡེམ་དང་རྫུན་དང་གཡོ་སྒྱུ་སོགས་བྱེད་པའོ། །
      གསུམ་པ་ནི། ཡང་དེ་ཉིད་ལས། དེ་ལ་བཀའ་མི་ཉན་པ་ནི་རྒྱལ་པོ་ཆེན་པོ་ལ་བརྟེན་པའི་ཁམས་ཀྱི་རྒྱལ་ཕྲན་དང་། རྒྱལ་པོའི་བཀའ་ལྟར་མི་བགྱིད་པ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟ་བུ་ལ་སོགས་པ་དག་ནི་བཀའ་མི་ཉན་པ་ལགས་པར་མཁྱེན་པར་བགྱིའོ། །ཞེས་གསུངས་ཏེ། རྒྱལ་པོའི་བཀའ་ལ་མི་བརྩི་བའོ། །
      བཞི་པ་ནི། ཡང་དེ་ཉིད་ལས། དེ་ལ་ལོག་པས་འཚོ་བ་ནི་སེམས་ཅན་གང་དག་སྡོམ་པ་མ་མཆིས་པ་སྟེ་དེ་དག་ཀྱང་ཤན་པ་དང་བྱ་པ་དང་ཕག་འཚོང་དང་། དེ་ལྟ་བུ་ལ་སོགས་པ་དག་ལགས་པར་མཁྱེན་པར་བགྱིའོ། །ཞེས་གསུངས་ཏེ། རང་གི་འཚོ་བའི་ཕྱིར་དུ་སྲོག་ཆགས་མང་པོ་གསོད་པར་བྱེད་པའོ། །
      ལྔ་པ་ནི། ཡང་དེ་ཉིད་ལས།དེ་ལ་ལོག་པར་ཞུགས་པ་ནི་སེམས་ཅན་གང་དག་ལོངས་སྤྱོད་ལས་ཕྱིར་ལོག་སྟེ་མཚན་མ་ཅན་དུ་གྱུར་པ་རྣམས་ཚུལ་ཁྲིམས་ཉམས་པ་དང་ལྟ་བ་ཉམས་པ་དང་ཆོ་ག་ཉམས་པ་དང་འཚོ་བ་ཉམས་པར་གྱུར་ཅིང་རང་རང་གི་ཆོས་ཡོངས་སུ་བཟུང་བ་རྣམས་ལ་མི་གནས་པ་ལགས་ཏེ་དེ་དག་ནི་རྒྱལ་པོ་ཆེན་པོ་ལོག་པར་ཞུགས་པ་ལགས་པར་མཁྱེན་པར་བགྱིའོ། །ཞེས་གསུངས་ཏེ། དགེ་སྦྱོང་ཚུལ་ཁྲིམས་ཉམས་པའམ་ལྟ་བ་ཉམས་པ་ཅན་ནོ། །
      ཉེས་པ་བྱས་པའི་མི་དེ་རྣམས་ལ་ཆད་པ་གཅོད་ཚུལ་ཇི་ལྟར་བྱ་བའང་དེ་ཉིད་ལས། སྨྲས་པ། བྲམ་ཟེ་རྣམ་པ་གང་གིས་ཇི་ལྟར་ན་ཆོས་དང་ལྡན་པའི་རྒྱལ་པོས་རྒྱལ་པོ་ལ་གནོད་པ་བྱེད་པའི་མི་སྲུན་པ་རྣམས་ཆད་པས་བཅད་པར་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་དེ་ནི་སྐྱོན་བརྗོད་པས་དགག་པའམ། ལོངས་སྤྱོད་དབྲོག་པས་དགག་པའམ། བཅིང་བ་དང་བསྐྲད་པ་དང་སྨད་པས་དགག་པར་བགྱིའོ། །སྨྲས་པ། གཅིག་ལ་གཅིག་གནོད་པར་བྱེད་པ་ལ་ཇི་ལྟར་ནན་ཏན་དུ་བྱ། སྨྲས་པ། རྒྱལ་པོ་ཆེན་པོས་བསྡིགས་པ་དང་གནོད་པར་བགྱི་བ་དང་། བརྡེག་པ་དང་། གོ་རར་སྩལ་བ་དང་། སྦྱོར་བ་དང་། ཆད་པས་བཅད་པས་བཟློག་པར་བགྱིའོ། །སྨྲས་པ། བཀའ་མི་ཉན་པ་རྣམས་ལ་ཇི་ལྟར་ནན་ཏན་དུ་བྱ། སྨྲས་པ། ཟིལ་གྱིས་མནན་ཏེ་དབང་དུ་བསྒྱུར་བ་ལ་རང་རང་གི་རིས་ནས་བསྐྱོད་པར་མི་བགྱི་བས་བཟློག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལྟར་དེ་དག་རང་རང་གི་རིས་ནས་བསྐྱོད་པར་མ་བགྱིས་ན་རྒྱལ་པོའི་བཀའ་དྲིན་གཟོ་ཞིང་འཇིགས་པས་བཀའ་ཉན་པར་འགྱུར་ཏེ། གཞན་བཀའ་མི་ཉན་པའི་སྐབས་ཀྱང་ཡོངས་སུ་ཆད་པར་འགྱུར་ཞིང་ཕྱག་མི་འཚལ་བ་རྣམས་ཀྱང་ཕྱག་འཚལ་བར་འགྱུར་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་སྙན་པར་གྲགས་པའི་སྒྲ་དང་ཚིགས་སུ་བཅད་པ་འབྱུང་བར་འགྱུར་ཞིང་གཞི་དེ་ལས་བསོད་ནམས་ཀྱང་མང་དུ་འཕེལ་བའི་སླད་དུའོ། །སྨྲས་པ། ལོག་པར་འཚོ་བ་རྣམས་ལ་ཇི་ལྟར་ནན་ཏན་དུ་བྱ། སྨྲས་པ། རྒྱལ་པོ་ཆེན་པོས་བསྡིགས་ཤིང་ད་ཕན་ཆད་གལ་ཏེ་དེ་ལྟར་བྱེད་ན་ཆད་པ་འདི་དང་འདིས་བཅད་པོ་ཞེས་འཇིགས་པ་བསྟན་པས་དགག་པར་བགྱིའོ། །སྨྲས་པ། ལོག་པར་ཞུགས་པ་རྣམས་ལ་ཇི་ལྟར་ནན་ཏན་དུ་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་ཡང་དག་པའི་གཉེན་པོའི་ཕྱོགས་ལ་གཟུད་པས་བཟློག་པར་བགྱིའོ། །རྒྱལ་པོ་ཆེན་པོ་གལ་ཏེ་གང་ཟག་ཚུལ་ཁྲིམས་ཉམས་པའམ། ལྟ་བ་ཉམས་པའམ། ཆོ་ག་ཉམས་པའམ། འཚོ་བ་ཉམས་པ་ཞིག་དགེ་འདུན་མཐུན་པས་སྦྱངས་ཏེ་བརྟགས་ནས་བསྐྲད་པར་བགྱིས་པའམ། རང་གིས་ཁས་བླངས་པ་ལས་དགེ་འདུན་གྱིས་བསྐྲད་པར་མི་ནུས་ན། དེ་ལ་ཆོས་དང་ལྡན་པའི་རྒྱལ་པོས་ཡང་དག་པ་ལ་ཡང་དག་པར་རྟོགས་པར་བགྱིས་ཏེ། བཙུན་པའི་ཕྱོགས་ཀྱི་གྲོགས་བགྱིའོ། །གལ་ཏེ་དགེ་འདུན་གཉིས་མི་མཐུན་པའི་རྩོད་པར་གྱུར་ཏེ། ཚུལ་ཁྲིམས་ཉམས་པའམ། ཆོ་ག་ཉམས་པའམ། ལྟ་བ་ཉམས་པའམ། འཚོ་བ་ཉམས་པ་ལས་བརྩམས་ནས་ཡུས་རྟོད་ཅིང་རྩོད་པ་ཞིག་ཏུ་གྱུར་ན། དེ་ལ་ཆོས་དང་ལྡན་པའི་རྒྱལ་པོས་བདག་ཉིད་ཆོས་ཀྱི་དོན་ལ་མཁས་སམ། མི་མཁས་ཀྱང་རུང་སྟེ། རིས་དེ་ན་ཡ་རབས་སུ་བཏུ་བའི་དགེ་སྦྱོང་ངམ། བྲམ་ཟེ་ཆོས་ཀྱི་དོན་ལ་མཁས་པ་མཆིས་པ་དེ་དག་བསྡུས་ཏེ་རྩོད་པ་དེ་སྦྱང་བར་བགྱིའོ། །དེ་ལྟར་སྦྱངས་ནས་དེ་ལ་གང་རིགས་པར་སྨྲ་བ་དེའི་ཕྱོགས་ཀྱི་གྲོགས་བགྱི་ཞིང་བསྐྲད་པའམ་ལོག་པ་ལ་བརྩོན་པ་བཟློག་པའི་སླད་དུ་བསྟང་བར་བགྱིའོ། །ཞེས་གསུངས་སོ། །
      གལ་ཏེ་རྒྱལ་པོ་རང་ཉིད་ཀྱིས་ནག་ཉེས་བྱས་ན་རྒྱལ་པོ་རང་ཉིད་ཀྱིས་ལས་རྒྱུ་འབྲས་དང་འབངས་རྣམས་ཀྱི་གླེང་བརྗོད་ལ་འཇིགས་ནས་རྒྱལ་པོ་རང་ཉིད་ཀྱིས་རང་ཉིད་བཅོས་དགོས་པར་གསུངས་ཏེ། དེ་ཉིད་ལས། སྨྲས་པ། བྲམ་ཟེ་རྒྱལ་པོ་ཉིད་མི་སྲུན་པ་ཞིག་ཏུ་གྱུར་ན་དེ་ལ་སུས་ཆད་པས་བཅད་པར་ནན་ཏན་དུ་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་པོ་དེ་ཉིད་ཀྱིས་སོ། གལ་ཏེ་རྒྱལ་པོ་བག་མ་མཆིས་པར་གྱུར་ཏམ། སྙིང་རྗེ་མ་མཆིས་པར་གྱུར་ན་དེའི་སླད་དུ་དེས་ཤེས་རབ་ཀྱི་སྟོབས་ལ་བརྟེན་ཏེ་མི་སྙན་པར་འགྱུར་བའི་འཇིགས་པ་དང་། ངན་སོང་གི་འཇིགས་པ་དང་། ཆོས་བཞིན་གཉིས་པོ་འདི་དག་གིས་བག་མ་མཆིས་པ་དང་སྙིང་རྗེ་མ་མཆིས་པ་ལས་བདག་ཉིད་བཟློག་པར་བགྱིའོ། །ཞེས་གསུངས་སོ། །
      རྒྱལ་པོས་རང་གི་ཡུལ་ཁམས་ན་གནས་པའི་ཡུལ་ལྷ་གཞི་བདག་སོགས་མཆོད་བཀུར་བྱ་དགོས་པར་གསུངས་ཏེ། དེ་ཉིད་ལས། སྨྲས་པ། བྲམ་ཟེ་རྒྱལ་པོའི་ཁམས་ན་ལྷ་གང་དག་གནས་པ་དེ་དག་ཆོས་དང་ལྡན་པའི་རྒྱལ་པོས་ཇི་ལྟར་བསྐྱང་བར་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་ཡང་དག་པའི་གཏོར་མ་བཤམས་ཏེ་བསྩལ་བར་བགྱིའོ། །དེ་ལྟར་ན་ཆོས་དང་ལྡན་པའི་རྒྱལ་པོས་སྐྱེ་དགུ་ཐམས་ཅད་བསྐྱང་བར་འགྱུར་རོ། །མི་སྲུན་པ་ཐམས་ཅད་ཀྱང་ཆད་པས་གཅད་པར་འགྱུར་རོ། །ཁ་ན་མ་ཐོ་བ་ཡང་མ་མཆིས་པར་འགྱུར་རོ། །གཞི་དེ་ལས་ཚེ་སླད་མ་པའི་བསོད་ནམས་ཀྱང་མང་དུ་འཕེལ་ལགས་སོ། །ཞེས་གསུངས་སོ། །
      ཕ་མ་ལ་གུས་བཀུར་མི་བྱེད་པ་དང་གཡོག་དང་གླ་པ་སོགས་ལ་ལས་གླ་མི་སྦྱིན་པ་དག་ལོག་པར་འཚོ་བའི་མི་སྲུན་པའི་ནང་དུ་བསྡུས་ནས་འོས་འཚམ་གྱི་ཆད་པ་གཅོད་དགོས་པར་གསུངས་ཏེ། དེ་ཉིད་ལས། སྨྲས་པ། བྲམ་ཟེ་རྒྱལ་པོ་ཆོས་དང་ལྡན་པའི་ཁམས་ན་ཕ་དང་མ་རྒས་པ་ལ་གུས་ཤིང་ཕར་མི་ཤེས་པ་དང་། མར་མི་ཤེས་པ་དང་།བུ་དང་། ཆུང་མ་དང་། བྲན་དང་། བྲན་མོ་དང་། ལས་བྱེད་པའམ་ཞོ་ཤས་འཚོ་བ་དག་ལ་ལེགས་པར་བགོ་བཤའ་མི་བྱེད་ཅིང་། ལས་ཆེན་པོ་དང་ལས་ངན་པས་ཤིན་ཏུ་ཉོན་མོངས་པར་བྱེད་པ་དེ་དག་མི་སྲུན་པའི་ཕྱོགས་གང་གི་ནང་དུ་བགྲང་བར་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་ལོག་པར་འཚོ་བའི་ཕྱོགས་མི་སྲུན་པའི་ནང་དུའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ། ཕན་འདོགས་པའི་སེམས་ཅན་རྣམས་ལ་སྦྱིན་པར་བགྱི་བའི་ཆོས་བགོ་བཤའ་བགྱི་བར་འོས་པ་དག་ལ། བགོ་བཤའ་མི་བགྱིད་ཅིང་གཅིག་ཏུ་སྤྱོད་པ་འདི་ནི་ལོག་པས་འཚོ་བ་ཆེན་པོ་ལགས་པའི་སླད་དུའོ། །ཞེས་གསུངས་སོ། །
      དགེ་སློང་ངམ་མཁས་པ་དང་གྲུབ་པ་བཀུར་བར་འོས་པ་དག་ལ་བརྙས་བཅོས་བྱས་ན་ཆད་པ་གཅོད་དགོས་པར་གསུངས་ཏེ། དེ་ཉིད་ལས། སྨྲས་པ། བྲམ་ཟེ་སློང་བའི་དགེ་སློང་དང་བྲམ་ཟེ་འོང་ཞིང་འདུལ་བ་དག་གི་མདུན་ནས་མི་རིགས་ཤིང་བརླང་བའི་ཚིག་གིས་མི་སྙན་པར་བརྗོད་པ་དང་། གཤེ་བ་དང་བརྒྱད་བཀག་པ་དང་ཆེད་དུ་བོས་ཤིང་ཟན་གཅོད་པའམ། ཆོས་དང་འགལ་བའི་ཁ་ཟས་སྟོབས་པའམ། དབྱུག་པའམ་རྡོས་འཚོག་པའམ། ལག་པས་བརྡེག་པའམ། མཚོན་གྱིས་འདེབས་པ་དེ་དག་མི་སྲུན་པའི་ཕྱོགས་གང་གི་ནང་དུ་བགྲང་བར་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་ལོག་པར་ཞུགས་པའི་མི་སྲུན་པའི་ཕྱོགས་སུའོ། །དེ་ཅིའི་སླད་དུ་ཞེ་ན། རིམ་གྲོ་བགྱི་བའི་འོས་རྣམས་ལ་རིམ་གྲོ་མི་བགྱིད་པ་ནི་ལོག་པར་ཞུགས་པ་ཆེན་པོ་ལགས་པའི་སླད་དུ་སྟེ། རྒྱལ་པོ་ཆེན་པོ་ལོག་པར་ཞུགས་པ་དེ་ལྟ་བུས་ནི་ལྷ་རྣམས་ཀྱང་དུས་སུ་ཆར་གྱི་རྒྱུན་ལེགས་པར་མི་འབེབས་ཏེ། དེས་མུ་གེའི་དགོན་པ་ཉམ་ང་བར་འགྱུར་ཞིང་མི་མ་ལགས་པ་རྣམས་ཀྱང་ཡམས་ཀྱི་ནད་དང་གནོད་པ་དང་། འགོ་བའི་ནད་གཏོང་བར་འགྱུར་ཏེ། དེས་སེམས་ཅན་རྣམས་ཡམས་ཀྱི་ནད་ཅན། གནོད་པ་ཅན། ནད་འགོ་བ་ཅན་དུ་འགྱུར་ཞིང་ཚེ་ཡང་ཡོངས་སུ་འབྲི། ལོངས་སྤྱོད་ཀྱང་ཡོངས་སུ་འབྲི། ནད་མེད་པ་ཡང་ཡོངས་སུ་འབྲི་བར་འགྱུར་རོ། །ཞེས་གསུངས་སོ། །
      རྒྱལ་པོ་ཞེས་པ་སྐྱེ་བོ་ཐམས་ཅད་སྲུང་སྐྱོབ་བྱེད་པ་ཞིག་ཡིན་དགོས་པའི་ཕྱིར་སྲོག་ཐོག་གི་ཆད་པ་དང་མིག་སོགས་དབང་པོ་དང་རྐང་ལག་གཅོད་མི་རུང་བར་གསུངས་ཏེ། དེ་ཉིད་ལས། སྨྲས་པ། བྲམ་ཟེ་རྒྱལ་པོ་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པས་ཅིའི་ཕྱིར་དབང་པོ་དང་ཡན་ལག་གཏུབ་ཅིང་ཉམས་པར་བྱ་བ་དང་། སེམས་ཅན་བསད་པར་མི་བྱ་བ་ཡིན། སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་པོ་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པ་ཡང་གཡོན་ལ་གནས་པ་སྲོག་བཅད་པའམ། དབང་པོ་དང་ཡན་ལག་དང་ཉིང་ལག་དང་དབྲལ་བར་མི་སེམས་ཏེ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་རང་གི་ལས་ཀྱི་དབང་གིས་འཆི་ན་ཡང་ཁོང་ཁྲོ་བའི་སེམས་བསྐྱེད་དེ་དུས་བགྱིས་ན་ངན་སོང་རྣམས་སུ་སྐྱེ་བར་འགྱུར་བ་དང་། ཡུན་རིང་པོར་རྗེས་སུ་འབྲང་བའི་ཤ་འཁོན་དུ་འགྱུར་བ་མཐོང་བས་དེའི་སླད་དུ་སེམས་ཅན་དགུམ་པར་མ་བརྗོད་དེ། དབང་པོ་དང་། ཡན་ལག་དང་ཉིང་ལག་རྣམས་ཀྱང་ཕྱིར་གླན་དུ་མི་རུང་བས་དེའི་སླད་དུ་དེ་དག་གཏུབ་ཅིང་ཉམས་པར་བགྱི་བ་རུང་བར་མ་བརྗོད་ལགས་སོ། །རྒྱལ་པོ་ཆེན་པོ་བཅིང་བ་དང་། གོ་རར་སྩལ་བཙལ་བ་ལ་སོགས་པ་ནི་བཅོས་སུ་རུང་བས་ན་དེའི་སླད་དུ་རུང་བར་བརྗོད་དོ། །རྒྱལ་པོ་ནི་སྐྱེ་དགུ་ཐམས་ཅད་ཡོངས་སུ་སྐྱོང་བ་ལགས་ན། དེ་ལྟར་བགྱིས་ན་དེ་ཉིད་མ་བསྐྱངས་བར་འགྱུར་བས། དེའི་སླད་དུ། རྒྱལ་པོས་སྐྱེ་དགུ་ཡོངས་སུ་བསྐྱང་བ་ཡང་རྫོགས་པར་མ་བགྱིས་པར་འགྱུར་ཏེ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དགུམ་པ་དང་། དབང་པོ་དང་ཡན་ལག་དང་། ཉིང་ལག་གཏུབ་ཅིང་ཉམས་པར་བགྱི་བ་ནི་སྐྱེ་དགུ་མི་འོས་པར་སྐྱོ་བར་འགྱུར་བའི་གནས་ལགས་ཏེ། དེ་ནི་ཆོས་དང་ལྡན་པའི་རྒྱལ་པོས་བགྱི་བ་མ་ལགས་སོ། ཞེས་གསུངས་སོ། །
      དོན་འདི་ལྟ་བུ་ལ་དགོངས་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ནས་འབངས་རྣམས་ཀྱིས་ཁྲིམས་འགལ་བྱས་པ་ལ་ཡན་ལག་གཅོད་པ་དང་སྲོག་ཐོག་གི་ཆད་པ་མི་གཅོད་པར་བཅས་ཏེ། རྦ་བཞེད་ལས། དུས་འདི་ཕན་ཆད་བཀའ་ཤོག་ཆེན་པོ་བཏང་སྟེ། ཆོས་ཁྲིམས་བཅས། སླན་ཆད་ཆབ་འོག་གི་འབངས་ལས་ཕོ་མིག་མི་དབྱུང་། མོ་སྣ་མི་བཅད། མཚང་ཅན་མི་དགུམ་པར་གནང་། སྐྱེ་བོ་ཐམས་ཅད་ཀྱིས་རྗེའི་བཀའ་ཉན་ཞིང་རྗེ་འབངས་ཐམས་ཅད་ཀྱིས་རབ་ཏུ་བྱུང་བ་དབུའི་མཆོད་གནས་སུ་བྱས་ནས་ཕྱག་དང་མཆོད་པ་དང་བཀུར་སྟིར་བྱ་བ་སོགས་ཆོས་ཀྱི་བཀའ་ཁྲིམས་ཆེན་མོ་བསྩལ་བ་བཀར་བཏགས། ཞེས་གསུངས་སོ། །
      རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། སྐྱེ་རྒུ་བདེ་བར་བྱེད་པ་འཚོ་ཚིས་ཡིན། མི་བདེ་འཕེལ་བ་འགོག་པ་ཁྲིམས་ཡིན་པས། འཇིག་རྟེན་བདེ་བར་འཚོ་དང་ཁྲིམས་ཀྱི་ལས། གཉིས་ཀྱི་སྒོ་ནས་སྐྱེ་རྒུ་སྲུང་བར་བྱེད། ཞེས་རྒྱལ་པོས་རྒྱལ་སྲིད་ཁྲིམས་ཀྱི་སྒོ་ནས་བསྐྱང་དགོས་པར་གསུངས་ཤིང་། ཁྲིམས་དེའང་ཕྱོགས་ལྷུང་མེད་པར་མི་ཐམས་ཅད་ལ་འདྲ་མཉམ་བྱ་དགོས་པར་གསུངས་ཏེ། དེ་ཉིད་ལས། ཁྲལ་དང་ཁྲིམས་དང་སྲུང་ཚུལ་རྣམས། ཉེ་རིང་བྱས་ན་མི་མཉམ་ཡིན། རྒྱལ་པོས་རང་གི་ཡུལ་ཁམས་རྣམས། དགྲ་དང་གནོད་པ་ཕོངས་པའི་ཕྱོགས། རྣམས་ལས་ཇི་ལྟར་ནུས་པར་བསྲུང་། གཅིག་མ་བསྲུངས་ཀྱང་རྒྱལ་པོ་མིན། ཐབས་ནི་གང་གིས་བསྲུང་ཞེ་ན། རང་དོན་མི་ཤེས་ནུས་མེད་རྣམས། འདི་བྱོས་འདི་ལས་མ་འགལ་ཞེས། ཁྲིམས་ལས་འགལ་ན་སུ་རུང་། མཚུངས་པར་ཆད་པས་བཅད་བྱ་ཡི། འགའ་ལའང་ཡང་བར་མི་བྱ་སྟེ། དེ་ལྟར་བྱས་ན་ཁྲིམས་སྙོམས་སོ། ཁྲིམས་ནི་སྙོམས་པར་བྱས་ནས་སུ། སྐྱེ་རྒུ་བདེ་བར་བསྐྱང་བའི་ཕྱིར། ཞེས་དང་། ཁྲིམས་ཀྱི་ཞལ་ལྕེ་གཅོད་ལུགས་རྣམས། སྔོན་བྱུང་རྒྱལ་པོ་མཁས་རྣམས་ཀྱི། བཀའ་ཁྲིམས་བཞིན་དུ་འཚམས་པར་སྦྱར། ཁྲིམས་ཞེས་བྱ་བ་ཕྱོགས་ལྷུང་མེད། དྲང་པོ་གནམ་གྱི་ཐིག་ཡིན་པས། ལས་འབྲས་མངོན་སུམ་སྟོན་པ་དང་། འདྲ་ཕྱིར་སུས་ཀྱང་བསྒྱུར་དུ་མེད། འགལ་ན་རྒྱལ་པོའི་བུ་ཡང་ཕམ། བསྲུངས་ན་གྲོང་གི་དབུལ་པོ་རྒྱལ། ཀླད་པར་གནམ་ལྕགས་བབ་པ་ལྟར། །མི་ཁུར་དབང་མེད་ཁྲིམས་ཞེས་བྱ། སྟོབས་འབྱོར་ཡོད་ན་ཡང་འགྱུར་ལ། ཁས་ཞན་དབུལ་པོར་ལྕིར་འགྱུར་བ། དེ་འདྲ་རྒྱལ་ཁྲིམས་མ་ཡིན་ཏེ། འཕྱོན་མའི་གར་གྱི་ལྟ་ཕྱོགས་མཚུངས། ཞེས་དང་། རྒྱལ་པོ་ཞེས་པའི་མིང་དེ་ཡང་། ཁྲིམས་ཀྱི་བདག་པོར་བྱས་པས་ཐོབ། ཁྲིམས་ནི་ལུགས་བཞིན་མི་གཅོད་ན། རྒྱལ་པོ་ཡོད་ཀྱང་མེད་དང་མཚུངས། རང་ཉིད་ཁྲིམས་བདག་གྱུར་པ་ན། དགྲ་ལའང་ཁྲིམས་ནི་ལུགས་བཞིན་གཅོད། གནོད་པ་བྱེད་ཀྱང་དུས་གཞན་བྱ། མཁས་པའི་ཁྲིམས་ལ་ཉེ་རིང་མེད། ཁྲིམས་ཡོད་པ་ཡི་ས་ཕྱོགས་སུ། ཆོས་བཞིན་བྱེད་རྣམས་བག་ཕེབས་ལ། ཆོས་མིན་བྱེད་རྣམས་བག་ཡོད་འགྱུར། ཁྲིམས་བཟང་འཇིག་རྟེན་མགོན་དང་སྐྱབས། ཉེས་པ་ཅན་ལ་འོས་པ་ཡི། ཆད་པས་བཅད་པ་ཐོས་ན་ཡང་། སྐྱེ་བོ་བཟང་རྣམས་དབུགས་འབྱིན་ཅིང་། ངན་པ་རྣམས་ཀྱང་སྐྲག་པར་འགྱུར། ཉེས་ཅན་ཆད་པ་མེད་ཐོས་ཚེ། །ཡ་རབས་རྣམས་ཀྱང་བག་ཟ་ཞིང་། མ་རབས་རྣམས་ལ་བག་མེད་སྒོ། །འབྱེད་པའི་ཉེར་བསྡོགས་བཞིན་དུ་འགྱུར། ཞེས་གསུངས་པ་དང་། ཡང་དེ་ཉིད་ལས། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ནི། སུས་ཀྱང་འདའ་བར་མི་ནུས་པས། །སྐྱེ་རྒུ་ཀུན་གྱི་ཕྲག་པ་ལ། །ལྕི་ཞེས་བྱ་བར་བཤད་པ་སྟེ། །ཡ་རབས་ལུགས་དང་ལྡན་པ་དག། རང་བཞིན་བཟང་པོའི་ལམ་གནས་ལ། །ནམ་ཡང་ཁྲིམས་ཆད་མི་འབབ་པས། །དེ་དག་རྣམས་ལ་ཡང་ཞེས་བྱ། ཁྲིམས་ནི་སྐྱེ་རྒུ་བདེ་ཐབས་ཏེ། །མཁས་པ་རྣམས་ཀྱིས་དེ་ཉིད་ལ། །ཁུར་དུ་ལྕི་བར་མི་འཛིན་ཞིང་། །བགྱི་བར་དཀའ་བ་མེད་ཕྱིར་རོ། །དེ་ཕྱིར་རང་དོན་གྱིས་བཞག་པའི། །འོས་མིན་ཁྲིམས་སུ་མ་བཅས་པས། །ལུགས་དང་མཐུན་པའི་ཁྲིམས་དེ་ནི། །ཡ་རབས་རྣམས་ལ་ཤིན་ཏུ་ཡང་། །སྐྱེ་རྒུ་ལས་ཀྱིས་མནར་རྣམས་ལ། །ཚེ་འདིར་རང་གིས་ཉེས་བྱས་ཀྱིས། །ཁྲིམས་འདི་ཁུར་དུ་ལྕི་བ་ཡི། །ཚུལ་དུ་སེམས་པ་རང་སྐྱོན་ཡིན། །མི་དགེའི་ལས་ལམ་འཇུག་རྣམས་ལ། །ཚེ་འདིར་རྒྱལ་པོའི་ཁྲིམས་ལས་ནི། །བརྒྱ་སྟོང་འགྱུར་དུ་ལྷག་པ་ཡི། །རྣམ་སྨིན་མྱོང་བ་རང་གིས་བྱས། །དེ་ཕྱིར་ལུགས་དང་མཐུན་པ་ཡི། །རྒྱལ་ཁྲིམས་ལྕི་ལ་ཡང་ཞེས་བྱ། །དེ་འདྲའི་རྒྱལ་ཁྲིམས་ཡོད་པའི་ཕྱོགས། །སྐྱེ་བོ་མཐའ་དག་བདེ་བ་ཡིན། །སྙིགས་དུས་རྒྱལ་རིགས་མི་སྲུན་རྣམས། །གཟུགས་འཚོང་སྡུད་དང་སྤོག་གཏད་དང་། །རྔོན་བཀྱེ་སྙད་འཚོལ་ནོར་འཕྲོག་དང་། །ཚུལ་མིན་ལས་ལ་སྦྱར་ནས་སུ། །འོས་མེད་དཔྱ་དང་ལས་ཁྲལ་སོགས། །ཅུང་ཟད་འདས་ལའང་ཆེར་མནར་བ། །ཡ་རབས་མ་རབས་སུ་ལའང་། །ལྕི་ཕྱིར་ཁྲིམས་ལུགས་མིན་ཤེས་བྱ། །ཆོས་ཁྲིམས་དར་གྱི་མདུད་པ་ནི། །དམ་ཞིང་ལྷོད་པའང་དེ་འདྲ་སྟེ། །འདི་ཕྱིར་བདེ་བ་ཆོས་ཀྱི་ཁྲིམས། །དམ་ན་རང་རྒྱུད་གྲོལ་བར་བྱེད། །གང་ཞིག་ལྷོད་ཅིང་བག་མེད་པ། །དེ་ནི་འཆིང་བ་མི་བཟད་བརྒྱས། །ཤིན་ཏུ་དམ་པོར་བཅིང་བ་དེ། །ལྷོད་པོར་བྱེད་པ་ཆོས་ཁྲིམས་ཡིན། །དེ་ཕྱིར་ཡ་རབས་དམ་པ་རྣམས། །ཆོས་ཀྱི་ཁྲིམས་འདིས་ལྷོད་པའམ། །བདེ་བར་བག་ཕེབ་བྱེད་ན་ཡང་། །འཆལ་བ་རྣམས་ཀྱིས་དམ་པོར་མཐོང་། །ཚུལ་མཐུན་གཙུག་ལག་ཟུང་གི་ཁྲིམས། །ཡ་རབས་རྣམས་ལ་གཉེན་དང་འདྲ། །མ་རབས་རྣམས་ལ་དགྲ་འདྲ་ཡང་། །ཁྲིམས་ཀྱི་སྐྱོན་མིན་རང་སྐྱོན་ཡིན། །དེ་སླད་རྒྱལ་པོ་མཆོག་རྣམས་ཀྱིས། །གཙུག་ལག་ཟུང་དང་མི་མཐུན་པ། །རང་འདོད་གདུག་པས་བཞག་པ་ཡི། །ཁྲིམས་རྣམས་དུག་བཞིན་སྤང་བར་བྱ། །འདི་ཕྱིར་ཕན་དང་བདེ་བ་ཡི། །ལུགས་ཟུང་ཁྲིམས་ཚུལ་ལེགས་བསྐྱངས་ན། །རྒྱལ་པོ་རང་གི་བདེ་འབྱོར་དང་། །སྙན་གྲགས་འབད་མེད་ལྷུན་གྱིས་གྲུབ། །ཞེས་གསུངས་སོ། །

འབྲེལ་ཡོད་འོས་སྦྱོར།