logo

སློབ་གསོ་གླེང་བ།

རྩོམ་པ་པོ།:འབའ་སྨད་རྒྱལ་ལོ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-05-18 ཀློག་གྲངས།:
སློབ་གསོ་གླེང་བ།
                                                        —སྐུ་ཞབས་དོ་རྒྱ་བསོད་ནམས་ཚེ་རིང་ལགས་ལ་སློབ་གསོའི་སྐོར་ནས་བཅར་འདྲི་བྱས་པའི་ཟིན་ཐོ།
འབའ་སྨད་རྒྱལ་ལོ་ཚེ་རིང་།
འབའ་སྨད་རྒྱལ་ལོ་ཚེ་རིང༌། ཁྱེད་རང་དགེ་རྒན་གྱི་ལས་གནས་ལ་འཇུས་ཏེ་ལོ་མང་ཕྱིན་པའི་སློབ་ཁྲིད་ཉམས་མྱོང་ལྟར་ན་དགེ་རྒན་གྱི་ལས་གནས་ལ་ཇི་ལྟར་བལྟ།
དོ་རྒྱ་བསོད་ནམས་ཚེ་རིང་། རེད། དགེ་རྒན་གྱི་ལས་གནས་ནས་མི་ལོ་ཉེར་ལྔ་འགོར་བའི་རིང་འདིར་དྲང་མོར་བཤད་ན་སློབ་གསོ་དོ་དམ་གྱི་ལས་ལ་འཇུས་པ་ཅུང་མང་བས། ཐོག་མཐའ་ཀུན་ཏུ་ལུས་ངག་ཡིད་གསུམ་སློབ་ཁྲིད་ལ་གཞོལ་བའི་དགེ་རྒན་རྣལ་མ་ཞིག་ལྟར་མྱོང་བཤད་ཀྱིས་ཡོངས་སུ་དབུལ་མོད། ཁོ་བོས་ཀྱང་ད་ལ་ཐུག་གི་བར་དུ་སློབ་གསོའི་དཔེ་དེབ་ལ་ལྟ་ཁུལ་དང༌། སློབ་མ་ལ་ཁྲིད་ཁུལ། དགེ་རྒན་སྒེར་གྱི་སློབ་ཁྲིད་ལ་ཉན་ཁུལ་གྱི་དུས་འདའ་བའི་སྤོབས་པས་རང་གི་ལྟ་ཚུལ་ཙམ་བརྗོད་ན། དགེ་རྒན་གྱི་ལས་གནས་ནི་གནམ་འོག་གི་ལས་གནས་རབ་དང༌། ཕུལ་དང༌། རྩེ་གྲས་ཤིག་ལ་མཐོང་གི་ཡོད། དེ་ལྟར་མཐོང་བའི་རྒྱུ་མཚན་ནི་འགྲོ་བ་མིའི་ཕན་བདེ་ལ་མེད་དུ་མི་རུང་བའི་ལས་གནས་ཤིག་དང༌། སྐྱེས་བུ་རང་ག་བས་མི་འཇོན་པའི་ལས་གནས་ཤིག མགོ་བརྩམས་པ་ནས་ཅིས་ཀྱང་མཐའ་འཁྱོལ་དགོས་ངེས་ཀྱི་ལས་གནས་ཤིག་ཡིན་པས་སོ། །དེ་ཡང་ཡིན་ཏེ། དགེ་རྒན་ནི་འཇིག་རྟེན་ལེགས་ཚོགས་ཇི་སྙེད་ཀྱི་འབྱུང་གནས་དང༌། ལེགས་ཉེས་བླང་དོར་འབྱེད་པའི་ལྡེ་མིག སྐྱེ་འགྲོ་ཡ་རབས་ཀུན་གྱི་མིག་ལྟོས་ཉག་ཅིག་ཡིན་པའི་ཕྱིར་རོ། ། འུ་ཅག་གི་འཚོ་བ་དངོས་ཀྱི་ཁྲོད་དུ་མི་མང་པོ་ཞིག་ལ་མཚོན་ན་དགེ་རྒན་གྱི་ལས་གནས་ནས་སྡོད་མི་ཚུགས་པ་ཡང་ལས་གནས་ཆུང་བས་མ་ཡིན་པར་དེ་ལས་ལྡོག་སྟེ་ཟབ་ཅིང་རྒྱ་ཆེ་དྲགས་པ་དང༌། རུལ་སུངས་དང༌། འགྲོ་ཐབས་འདུག་ཐབས། ཀུན་ནས་ཉོན་མོངས་པའི་གོ་སྐབས་ཡོངས་སུ་མི་སྟེར་བས་རེད། དགེ་རྒན་གྱི་ལས་གནས་འདི་ཡོད་པས་ད་གཟོད་འཇིག་རྟེན་གྱི་རྒུད་པ་ལྡོག་པ་དང་། ད་གཟོད་འཇིག་རྟེན་ན་དག་པའི་ས་ཞིག་ལྷག་ཡོད་པ་རེད།
འབའ་སྨད་རྒྱལ་ལོ་ཚེ་རིང༌། ཉིད་ཀྱིས་བལྟས་ན་དེང་སྐབས་བོད་ཀྱི་སློབ་གསོའི་ཁྲོད་གནས་པའི་གནད་དོན་ཚབས་ཆེ་བ་དེ་གང་རེད་འདོད་དམ།
དོ་རྒྱ་བསོད་ནམས་ཚེ་རིང་། དེང་སྐབས་བོད་ཀྱི་སློབ་གསོའི་ཁྲོད་གནས་པའི་གནད་དོན་ཚབས་ཆེ་བ་དེ་འགྲོ་བ་མིའི་རྒྱུ་སྤུས་ཇེ་དགར་གཏོང་བའི་སློབ་གསོ་ཞིག་གཉེར་ཐུབ་ཀྱིན་མེད་པ་དེ་རེད་འདོད། དེ་ཡང་ཅུང་ཟད་ཞིབ་ཏུ་བཤད་ན། འགྲོ་བ་མི་ལ་དགོས་རྒྱུ་ངོ་མ་བོ་ནི་སེམས་བསམ་པ་བཟང་པོ་དང༌། བྱ་བ་སྤྱོད་ལམ་ཡག་པོ། གཏམ་སྐད་ཆ་སྙན་མོ་དང་ལྡན་པའི་སྤྱི་ཚོགས་ཀྱི་མི་སྒེར་གཤིས་ཅན་དང༌། མི་གཞི་ཁ་ཚང་ཅན། འཇོན་ནུས་ཅན་སྐྱོང་བའི་སློབ་གསོ་རེད། ཡིན་ནའང་སློབ་གསོའི་སློབ་ཁྲིད་དངོས་ཀྱི་བྱ་བའི་ཁྲོད་དུ་མགོ་ཁྲིད་མང་པོ་ཞིག་གིས་གོ་གནས་མ་གཏོགས་ཅི་ཡང་མི་བསམ་པའི་ཁར། དུས་དང༌། ས་གནས། མི་རིགས། སློབ་མ་ལ་གཏན་ནས་མི་འཚམས་པའི་བཀའ་བཀོད་གནང་བ་དང༌། ཡོན་ཏན་དང༌། ལྷག་བསམ། ཐབས་བཀོད། བདེ་ཐང་གིས་ཀུན་ནས་མི་རན་ཀྱང་གཡོ་དང་འབྲེལ་བས་སློབ་ཁྲིད་ཀྱི་གར་སྟེགས་ཡོངས་སུ་གཅོད་པའི་དགེ་རྒན་གཟུགས་བརྙན་པ། རང་རང་ལ་མཚོན་ན་ཆང་དང་ཤོ་དང་དུ་བས་མཚོན་པའི་སྤྱོད་ངན་ཆུང་ངུ་རེའང་ཡལ་བར་འདོར་མི་ནུས་བཞིན་དུ་ད་དུང་རང་གི་བུ་དང་བུ་མོ་ཡ་རབས་ཤིག་འོངས་ན་ཅི་མ་རུང་སྙམ་པའི་ལྟ་སྤྱོད་ཕྱིན་ཅི་ལོག་གི་ཁྱིམ་བདག་རྣམས་ནི་དོན་ལ་སློབ་གསོའི་དགྲ་དང་བགེགས་སུ་གྱུར་ཡོད་པ་རེད། གནད་དོན་གང་ཞིག་ཀྱང་དེ་མ་ཐག་མ་སེལ་བར་དུས་ཚོད་ངེས་ཅན་ཞིག་འགོར་བ་ན་རིམ་བཞིན་རྒྱུན་ལྡན་ཞིག་ཏུ་གྱུར་ཏེ་མི་རྣམས་ཀྱིས་དོ་སྣང་བྱེད་ཡུལ་ལས་རབ་ཏུ་འགོངས་པར་འགྱུར་རོ། ། འུ་ཅག་ལ་མཚོན་ན་གནད་དོན་ཚབས་ཆེན་དག་རྒྱུན་ལྡན་དུ་གྱུར་བའི་དཔེ་ཤིན་ཏུ་མང་སྟེ། དགེ་རྒན་གྱིས་སློབ་ཁྲིད་སྐད་ཆ་ཕུང་གསུམ་པ་སྨྲ་བ་དང༌། བསླབ་དེབ་དོན་སྟོང་སྒྲིག་པ། ཚན་རིག་དགེ་རྒན་མེད་པ། བོད་ཡིག་གི་དག་ཆ་ནོར་བ་སོགས་སོ། །
འབའ་སྨད་རྒྱལ་ལོ་ཚེ་རིང༌། རྒྱུས་ལོན་པ་ལྟར་ན། ད་ལྟ་སློབ་གྲྭའི་མགོ་ཁྲིད་དང་དགེ་རྒན་རྣམས་ཀྱིས་ཕྱི་ཡི་སྒྲིག་ལམ་མ་གཏོགས་སློབ་མའི་སློབ་སྦྱོང་ལ་དང་དོད་བྱེད་ཀྱིན་མེད་པའི་སྣང་ཚུལ་འདུག གལ་སྲིད་སྒྲིག་ལམ་དང་འགལ་སོང་ཚེ་སློབ་གྲྭ་ནས་ཕྱིར་ཕུད་ཀྱིན་པའི་སྣང་ཚུལ་ཡང་མཆིས་པས་རྒན་ལགས་ཀྱིས་དེའི་ཕྱོགས་ཀྱི་ལྟ་ཚུལ་འདྲ་ལབ་ན།
དོ་རྒྱ་བསོད་ནམས་ཚེ་རིང་། སློབ་གྲྭ་ཞིག་ལ་མཚོན་ན་བསམ་བློ་སྙིང་སྟོབས་རིག་གནས་གཙོ་བོར་འཛིན་རྒྱུ་ནི་གནད་ཀྱི་དམ་པ་སྟེ་དངོས་པོ་ཞིག་ལ་མཚོན་ན་ཉེར་ལེན་གྱི་རྒྱུ་དང་འདྲ་ལ།ཕྱིའི་དངོས་པོའི་རིག་གནས་དང་བར་སྒྲིག་ལམ་རིག་གནས་གཉིས་ནི་དམིགས་ཡུལ་གཙོ་བོ་འདི་འགྲུབ་པའི་རྐྱེན་དུ་མེད་མི་རུང་བ་གཞིར་བཞག་རེད།དེ་བས་བྱ་བའི་གཙོ་ཕལ་ནོར་ན་འབྲས་བུ་རྗེས་སུ་འཇུག་ལྡོག་བྱེད་པ་ནི་དངོས་པོའི་ཆོས་ཉིད་དོ། ། སློབ་མ་སྒྲིག་ལམ་དང་འགལ་སོང་བ་ནི་རང་གཞན་གཉིས་ཀར་གནོད་པའི་སྐྱོན་ཞིག་ལས་པས་ཡིན་པ་རེད།སློབ་གྲྭ་དགའ་བོ་ལ་མཚོན་ན་སློབ་མས་སྐྱོན་ལས་པའི་གོ་སྐབས་ཡོངས་སུ་གཅོད་པ་ལ་འཇུག་དགོས་མོད།འོན་ཀྱང་སློབ་གྲྭའི་དགེ་རྒན་དག་གིས་ཡོན་ཏན་དང༌། ཁ་ལྕེ། ཐབས་བཀོད། དུས་ཚོད་ཀྱིས་མི་ལོངས་པའི་ཁར། སློབ་མ་དེ་མུ་མཐུད་དུ་སློབ་གྲྭར་བཞག་ཚེ་རང་གཞན་གཉིས་ཀའི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་པ་ཡོད་ངེས་ན་རང་གི་ཕ་མ་སྟེ་ཁྲིམས་མཐུན་ལྟ་སྲུང་པ་ལ་སྤྲོད་རྒྱུ་ནི་འོས་ཤིང་འཚམས་པ་ཞིག་རེད་འདོད།དཔེར་ན།སློབ་མ་ཞིག་གིས་རྒྱུན་དུ་ལག་ལ་མཚོན་ཆ་བཟུང་སྟེ་རྡུང་རེས་བྱེད་པ་ཡིན་ན། མང་པོའི་ཆེད་དུ་གཅིག་གི་གཉའ་ལ་མི་འབབ་རང་འབབ་རེད་འདོད། ཡིན་ནའང་། སློབ་གྲྭས་སློབ་མ་ལ་ནུས་པ་ཡོད་ཚད་ཀྱིས་སློབ་གསོ་གཏོང་དགོས་པ་ནི་བཤད་མ་དགོས་པ་ཞིག་རེད། དྲང་མོར་བཤད་ན་ཕལ་བའི་སློབ་གསོས་མི་འཆུམས་པའི་སློབ་མ་དག་ལ་དམིགས་གསལ་སློབ་གསོ་ཞིག་བསྒྲུབ་ཐུབ་ན་མཛའ་འདོད། དཔེར་ན་སློབ་གྲོགས་ལ་གཅར་རྡུང་བྱེད་པར་དགའ་བའི་སློབ་མ་ཡིན་ན་ཆེད་དུ་འཇིགས་སྐུལ་པའི་གཉེན་པོར་གསོ་སྐྱོང་བྱས་ཏེ་འཛམ་གླིང་ཞི་བདེ་ལ་ཕན་པ་བསྒྲུབ་ཏུ་འཇུག་པ་ལྟ་བུའོ། །ཡང་གཅིག་བཤད་ན། འགྲོ་བ་མིའི་རིགས་འདི་མོས་པ་སྣ་ཚོགས་སུ་འདུག་པས་ཚོགས་པ་གཅིག་དང༌། ལྟ་གྲུབ་གཅིག ཐབས་ཤེས་གཅིག་གི་སློབ་གསོ་སྒྲུབ་སྟངས་ཀྱིས་སློབ་མ་ཡོད་ཚད་ལེགས་ལམ་དུ་འཇུག་ཐུབ་རྒྱུ་མ་རེད་འདོད། ཡིན་ནའང༌། གནད་དོན་འདིའི་ཉེས་པ་ཡོད་ཚད་སློབ་གྲྭ་དང་དགེ་རྒན་ཁོ་ནའི་མགོ་ལ་འཕེན་རྐྱང་མ་ཡིན་ཏེ། སྲིད་གཞུང་དང་། ཁྱིམ་ཚང༌། སློབ་གྲྭ་གསུམ་ནས་འོས་ཤིང་འཚམ་པའི་ངང་བསྒྲུབ་རྒྱུ་ཞིག་རེད་འདོད།བྱང་ཆུབ་སེམས་དཔའི་བསླབ་བྱ་ལས་ཀྱང༌། གལ་ཏེ་ཕ་རོལ་པོས་རང་དྲིན་རང་ལ་ཆུང་བའི་ནོར་འཁྲུལ་བྱེད་ཀྱིན་ཡོད་ན་དེ་ལྡོག་དགོས་ཞེས་དང༌། སྐྱོན་དང་འཚམས་པར་ཚར་མི་གཅོད་པ་ནི་ཉེས་པ་ཡིན་པས་སྐྱོན་དང་འཚམས་པར་ཚར་བཅད་ནས་བྱ་བ་ངན་པ་ལྡོག་དགོས་ཀྱི་ཡོད་ཅེས་འབྱུང་ངོ༌། །
འབའ་སྨད་རྒྱལ་ལོ་ཚེ་རིང༌། ཁོ་བོས་བལྟས་ན་ད་ལྟའི་དགེ་རྒན་རྣམས་ཀྱི་སྐྱོན་ཐུན་མོང་བ་ནི། དཔེ་ཆ་མི་ཀློག་པ་དང༌། བསམ་གཞིག་གི་གོམས་གཤིས་མེད་པ། ཤེས་བྱའི་སྒྲིག་གཞི་ཚགས་མི་དམ་པ། སློབ་མའི་ཆེད་དུ་ནུས་པ་མི་འདོན་པར་འགྲོ་བདེ་འདུག་བདེ་ཙམ་དུ་གནས་པ་ལྟ་བུ་རེད། འདི་ལྟར་མུ་ནས་སོང་ཚེ་སློབ་མའི་སློབ་སྦྱོང་གི་རྣམ་འགྱུར་དང་བོད་ཀྱི་སློབ་གསོའི་གནས་བབ་ག་འདྲ་ཞིག་ཏུ་འགྱུར་སྲིད།
དོ་རྒྱ་བསོད་ནམས་ཚེ་རིང་། རྒྱ་ནག་གི་སློབ་གསོ་བ་གྲགས་ཅན་ཚའེ་ཡོན་ཕའེ་ནས་ལོ་བརྒྱའི་ཡར་སྔོན་ལ་སྐབས་དེའི་དགེ་རྒན་དག་གི་གནས་བབ་ལ་གཞིགས་ཏེ་སྤྱི་སྡོམ་འདི་འདྲ་ཞིག་བྱས་མྱོང་བ་སྟེ། སློབ་མར་ཁྲིད་ཀྱང་རང་གིས་མི་སློབ་པའི་རིགས་གཅིག་དང༌། རང་གིས་སློབ་ཀྱང་སློབ་མར་མི་ཁྲིད་པའི་རིགས་གཅིག རང་གིས་སློབ་ཀྱང་མི་སློབ་ལ་སློབ་མར་ཁྲིད་ཀྱང་མི་ཁྲིད་པའི་རིགས་གསུམ་མོ། །དེ་ཡང་དགེ་རྒན་རབ་ནི་ཁྲིད་ཅིང་སློབ་པ་དང༌། སློབ་ཅིང་ཁྲིད་པ། ཁྲིད་ཅིང་ཁྲིད་ལ་སློབ་ཅིང་སློབ་པ་ཞིག་ཏུ་འགྱུར་དགོས་པར་རེ་བ་བཏོན་འདུག དེ་བཞིན་ཁོ་བོས་ཀྱང༌། རང་གིས་ཤེས་བྱ་སློབ་ཀྱང་སློབ་མ་ལ་གཏན་ནས་མི་ཁྲིད་པའི་དགེ་རྒན་གྱི་མུ་ཡོད་དེ། སློབ་གསོའི་བྱ་བར་ཞུགས་པ་ནས་སློབ་ཁྲིད་ཐུན་གཅིག་ཀྱང་མི་བྱེད་པར་ཚེ་གང་བོར་སློབ་གྲྭ་འགྲིམས་པའི་འབུམ་རམས་པ་དེ་དང༌། ཚེ་གང་བོར་ཁ་བཏོན་འདོན་ཞིང་སྔོན་འགྲོ་གསོགས་པའི་སྔགས་འཆང་དེ། ཚེ་གང་བོར་རྩོམ་འབྲི་མཁན་སྙན་ངག་པ་དེ་དག་གོ ། རང་གིས་སློབ་མ་ལ་ཚེ་གང་བོར་ཁྲིད་ཀྱང་སློབ་སྦྱོང་གཏན་ནས་མི་བྱེད་པའི་དགེ་རྒན་གྱི་མུ་ཡོད་དེ། སློབ་གསོའི་བྱ་བར་ཞུགས་པ་ནས་སློབ་ཁྲིད་ཆད་མ་མྱོང་ཡང་དཔེ་ཆ་སྣ་གཅིག་ཉོས་པ་དང་བལྟས་མ་མྱོང་བའི་དགེ་རྒན་དེ་དང༌། གཞན་རྩོམ་སློང་པ་དང་ཉོ་བ་དང་བརྐུས་ནས་འགོད་པ་དེ་དག་གོ ། རང་གིས་སློབ་མ་ལ་ཚེ་གང་བོར་ཁྲིད་ཀྱང་ཁྲིད་ལ་སློབ་ཀྱང་སློབ་པའི་དགེ་རྒན་གྱི་མུ་ཡོད་དེ། མི་ཚེ་གང་བོར་ཁྲིད་ཀྱི་སྦྱིན་གཏོང་ཆད་མ་མྱོང་ལ་སློབ་སྦྱོང་གི་ཞལ་ཟས་རོལ་མཚམས་མ་བཞག་པའི་དགེ་རྒན་ཕུལ་བྱུང་དེ་དག་གོ ། རང་གིས་ཚེ་གང་བོར་སློབ་ཀྱང་མི་སློབ་ལ་སློབ་མར་ཁྲིད་ཀྱང་མི་ཁྲིད་པའི་དགེ་རྒན་གྱི་མུ་ཡོད་དེ། དགེ་རྒན་གྱི་ཟླ་ཕོགས་ལེན་བཞིན་དུ་སློབ་མར་ཐུན་གཅིག་ཁྲིད་མ་མྱོང་ལ་ཤེས་བྱ་སྣ་གཅིག་སློབ་སྦྱོང་བྱས་མ་མྱོང་བའི་དཀོར་གཟན་དེ་དག་གོ་ཞེས་ཀྱང་བྱའོ།།
        གྲོགས་པོ་ལགས། ད་ནི་སློབ་མའི་སློབ་སྦྱོང་གི་རྣམ་འགྱུར་དང་བོད་ཀྱི་སློབ་གསོའི་གནས་བབ་ག་འདྲ་ཞིག་ཏུ་འགྱུར་སྲིད་པ་ངས་གསལ་བར་མ་བཤད་ཀྱང་ཀུན་གྱིས་ཤེས་པར་འགྱུར་ཏེ། སློབ་མའི་སློབ་སྦྱོང་གི་རྣམ་འགྱུར་དགེ་རྒན་གྱི་རྗེས་སུ་འགྲོ་ཞིང་དགེ་རྒན་ཕུལ་བྱུང་ཇི་ལྟར་མང་ན་བོད་ཀྱི་སློབ་གསོའི་གནས་བབ་དེ་ལྟར་ལེགས་པ་ཡིན་ནོ།།
འབའ་སྨད་རྒྱལ་ལོ་ཚེ་རིང༌། དགེ་རྒན་གྱིས་སློབ་མ་ལ་ཤ་ཚ་སྟངས་མང་པོ་ཡོད་པ་ལས།གཙོ་བོ་དང་གལ་ཆེ་བ་གང་ཡིན་འདོད།
དོ་རྒྱ་བསོད་ནམས་ཚེ་རིང་། དགེ་རྒན་གྱིས་སློབ་མ་ལ་ཀ་ར་དང༌། དཔེ་ཆ། སྒོར་མོ་སྟེར་བ་ནི་དབང་རྟུལ་ལ་ཤ་ཚ་སྟངས་དང༌། སློབ་སྦྱོང་ཡག་པོ་བྱོས། མ་འོངས་བདག་པོ་ཡིན། ངས་ཁྱེད་ཚོའི་དོན་དག་བཤད་ཀིན་ཡོད་སོགས་གླེང་ནས་སེམས་བསྐོར་བ་ནི་ཆབ་སྲིད་པའི་ཤ་ཚ་སྟངས་དང༌། སློབ་མའི་མི་གཞི་ཁ་ཇེ་ཚང་དང༌། ཤེས་བྱ་སྣ་ཇེ་འཛོམས། ནུས་པ་སྟོབས་ཇེ་ཆེར་གཏོང་བ་ནི་དགེ་རྒན་གྱི་ཤ་ཚ་སྟངས་ངོ་མ་བོ་རེད་ལ། མི་རིགས་གང་དེའི་སློབ་མ་བླུན་པོའི་འདུ་ཤེས་ཅན་ལ་དང་པོ་དང༌། བྲན་གྱི་འདུ་ཤེས་ཅན་ལ་གཉིས་པ། བདག་པོའི་འདུ་ཤེས་ཅན་ལ་གསུམ་པ་བྲིན་པར་འདོད། ཡང་ན། དགེ་རྒན་ནུས་མེད་དག་གིས་སློབ་མ་ལ་ཀ་ར་བྱིན་ཏེ་ཤ་ཚ་ཁུལ་དང༌། དགེ་རྒན་ཡོན་ཏན་མེད་པ་དག་གིས་སློབ་མ་ལ་ཁ་ཡག་བཤད་དེ་ཤ་ཚ་ཁུལ། དགེ་རྒན་ངོ་མ་བོས་སློབ་མ་ལ་ལེགས་ཉེས་བླང་དོར་འབྱེད་པའི་བློ་གྲོས་གནང་སྟེ་ཤ་ངོ་མ་བོ་ཚ་ཞེས་ཀྱང་བྱའོ།།
འབའ་སྨད་རྒྱལ་ལོ་ཚེ་རིང༌། དགེ་རྒན་མང་ཤོས་ཀྱིས་ཉམས་མྱོང་དང་ཤེས་རབ་གཉིས་ལས་ཉམས་མྱོང་གཙིགས་སུ་འཛིན་ལ། ཁོ་བོས་ཤེས་རབ་གཙིགས་སུ་འཛིན་དགོས་པར་འདོད། ཅིའི་ཕྱིར་ཟེར་ན། དགེ་རྒན་མང་ཆེ་བར་ལོ་བཅོ་ལྔ་ཉི་ཤུའི་ཉམས་མྱོང་ཙམ་དང་སློབ་ཁྲིད་བྱེད་ཐབས་རྙིང་བ་ཙམ་ལས་དཔེ་ཀློག་དང༌། བསམ་གཞིག ལག་ལེན་སོགས་ཀྱི་ཆ་མི་འདུག་པས་སྤྱི་ཚོགས་གསར་པའི་སློབ་མའི་རེ་འདོད་བསྐང་ཁག་པར་འདོད། ཁྱེད་ལ་དེའི་ཕྱོགས་ནས་ལྟ་ཚུལ་ག་འདྲ་འདུག
དོ་རྒྱ་བསོད་ནམས་ཚེ་རིང་། ཤེས་རབ་ནི་དངོས་པོའི་གནས་ལུགས་ཇི་བཞིན་རྟོགས་པའི་རིག་པ་དང་། ཉམས་མྱོང་ནི་ཤེས་རབ་ལ་བརྟེན་ནས་ཐོབ་པའི་བློ་གྲོས་ལ་འཇུག་པས། དགེ་རྒན་ཞིག་ལ་མཚོན་ན་ཤེས་རབ་ནོར་གྱིས་དབུལ་བའི་ཚེ་སློབ་གསོའི་ལས་ལ་འཇུག་པའི་ཐབས་མེད་ལ། ཤེས་རབ་ཇི་ལྟར་ལྡན་ན་ཡང་སློབ་ཁྲིད་ལེགས་འགྲུབ་ཀྱི་ཉམས་མྱོང་གསོག་འཇོག་མ་བྱས་ན་ཡར་བསྐྱེད་ག་ལ་ཡོད། དེ་ཡང་འདི་ལྟར་སེམས་ཏེ། དགེ་རྒན་ལ་ཤེས་རབ་ལྡན་པས་ད་གཟོད་སློབ་མར་བླང་དོར་ལེགས་ཉེས་གསལ་པར་སྟོན་པའི་དེད་དཔོན་དུ་གྱུར་ཞིང༌། ཉམས་མྱོང་ལྡན་པས་འགགས་པ་མེད་པར་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནམ། བོད་ཀྱི་གཏམ་དཔེ་ལ་ཡང༌། ལས་ཀའི་ལས་འཆམ་མ་ཤེས་ན། རི་བོང་ཐུར་ལ་རྒྱུག་པ་འདྲ་ཟེར་བ་ལྟར་ཏེ། སྐབས་འདིར་མཚོན་ན་ཤེད་མོང་ནི་ཤེས་རབ་དང་། ཐབས་བཀོད་ནི་ཉམས་མྱོང་དང་ལས་ཀ་ལས་མཁན་ནི་དགེ་རྒན་དང་འདྲའོ་སྙམ། ཡང་གསལ་བར་བཤད་ན། ཤེས་རབ་ལ་ཐོས་བྱུང་གི་ཤེས་རབ་དང༌། བསམ་བྱུང་གི་ཤེས་རབ། སྒོམ་བྱུང་གི་ཤེས་རབ་གསུམ་དུ་དབྱེ་བ་ལས་ཕྱི་མ་ནི་འུ་ཅག་གིས་རྒྱུན་དུ་བཤད་པའི་ཉམས་མྱོང་ཡིན་པས་ཤེས་རབ་དང་ཉམས་མྱོང་གཉིས་ཕན་ཚུན་འགལ་བར་མི་སེམས་སོ།།
འབའ་སྨད་རྒྱལ་ལོ་ཚེ་རིང༌། ད་ལྟའི་ན་གཞོན་སྐོར་ཞིག་ལ་ཤེས་བྱ་ཡོན་ཏན་འཛོམས་པོ་ཞིག་མེད་ཀྱང༌། སྒོར་རྡོག་འགའི་ཆེད་དུ་སློབ་གསོའི་ལས་གནས་སྟེང་འཚང་ཁ་བརྒྱབ་སྟེ་སློབ་མ་རྣམས་ལ་མགོ་སྐོར་གཏོང་བ་དང༌། སློབ་ཁྲིད་བྱེད་སྐབས་བཀྲེས་ལྟོགས་ཀྱིས་མནར་ཚབས་ཆེ་བས་ཁྱེད་ཀྱིས་དེའི་ཕྱོགས་ཀྱི་ལྟ་ཚུལ་འདྲ་ལབ་ན།
དོ་རྒྱ་བསོད་ནམས་ཚེ་རིང་། དེ་ཡང་ལན་འདི་ལྟར་གདབས་པར་བྱ་སྟེ། ཁྱིམ་པ་ཕོ་མོ་རྣམས་གྲོང་བའི་ཆོས་ལ་འཇུག་པའི་བསམ་བྱ་ཉག་ཅིག་ནི་ཕོ་མོ་གཉིས་ཀ་མཉམ་དུ་བདེ་བ་འཐོབ་འདོད་ཡིན་ཡང་།མཁས་པའི་དབང་བོ་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས། ལས་དེར་མི་འཇོན་པའི་སྐྱེས་པ་ཞིག་གི་རུམ་ནས་བུད་མེད་ཅིག་ལོ་གསུམ་ལ་ཉལ་ཡང་བདེ་བ་གཅིག་ཀྱང་མི་འཐོབ་པར་གསུངས་པའི་བདེན་གཏམ་འདི་ཚོགས་པའི་གཏམ་ལ་ཡེ་ནས་མི་རུང་ཡང་དགེ་རྒན་ངན་པའི་དཔེ་ལ་བཞེངས་ནས་ཡོད་འདྲ།
འབའ་སྨད་རྒྱལ་ལོ་ཚེ་རིང༌། ཁྱོད་རང་ད་ལྟའི་དགེ་རྒན་རྣམས་ལ་ཆེས་ཡིད་མི་ཚིམ་པ་གང༌། ཡང་ན་ད་ལྟའི་དགེ་རྒན་རྣམས་ལ་ཆེས་བཤད་འདོད་པའི་སྐད་ཆ་ཅི།
དོ་རྒྱ་བསོད་ནམས་ཚེ་རིང་། དགེ་རྒན་དག་ནི་སློབ་མ་ཀུན་པོར་ལྟོགས་པས་ཟས་དང་སྐོམ་པས་ཆུ་འདོད་དང་འདྲ་བར་ཤེས་བྱ་ཡོན་ཏན་ལ་འཇུག་འདོད་ཀྱི་བློ་བཅོས་མིན་ཞིག་སྐྱེས་སུ་འཇུག་མཁན་ཡིན་ནའང་མང་པོ་ཞིག་ལ་དེའི་ཕྱོགས་ཀྱི་ནུས་པ་རབ་ཏུ་གཉོམ་པར་མ་ཟད། སློབ་མར་ཤེས་བྱ་ཡིན་མིན་ཅི་རིགས་ཁྲིད་དེ་ཁ་མིག་གཅོད་པ་དང༌། ཉིན་རེར་འགྲོ་ཐབས་འདུག་ཐབས་ལ་བརྟེན་ནས་ཕོགས་ཟ་བ་ལས། དུས་དང༌། མི་རིགས། ལས་རྐང་ལ་མཁོ་བའི་སྙིང་སྟོབས་དང༌། ཡོན་ཏན། ཤེས་བྱ། ལག་རྩལ་དག་སློབ་མའི་རྒྱུད་ལ་སྦྱོར་བར་བརྩོན་མཁན་ཤིན་ཏུ་ཉུང་བས་བློ་ལྡན་སུ་ཞིག་ཡིད་ཚིམ་ཐུབ། དེ་ཡང༌། དགེ་རྒན་ས་མིག་གཉིས་ལས་མེད། །གར་འགྲོ་དགེ་རྒན་རང་གི་ལག །དགའ་བོ་བདེ་བ་ཅན་ལ་ཕེབས། །ངན་པ་དམྱལ་བའི་མཐིལ་ནས་སྡོད། །ཅེས་ཀྱང་ཞུ་བར་འདོད་དོ། །
འབའ་སྨད་རྒྱལ་ལོ་ཚེ་རིང༌། ད་ལྟ་སློབ་མ་རྣམས་ཀྱི་ཤེས་བྱའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་ཞན་དུ་སོང་བའི་རྒྱུ་མཚན་ཅི་རེད་འདོད།
དོ་རྒྱ་བསོད་ནམས་ཚེ་རིང་། མིའི་སྤྱི་ཚོགས་ལ་དཔལ་འབྱོར་གྱི་རྨང་གཞི་ཞིག་དགོས་པ་ཐག་གིས་ཆོད་ཀྱང་ཡོད་ཚད་དཔལ་འབྱོར་ལྟེ་བར་བཟུང་དྲགས་ན་དཔལ་འབྱོར་འཕེལ་ཀྱང་མིའི་ཕྱོགས་ཡོངས་ཀྱི་རྒྱུ་སྤུས་ཇེ་ཞན་ལ་བུད་འགྲོ་སྙམ། འོ་ན་མིའི་སྤྱི་ཚོགས་ཀྱི་ལྟེ་བ་ནི་གང་རེད་ཅེ་ན། དཔལ་ཡོན་ནོ་ཞེས་ཞུ། ཇི་སྲིད་དཔལ་ཡོན་གྱི་ཉི་མ་མ་ཤར་བ་དེ་སྲིད་དུ་མིའི་ཤེས་བྱའི་ཆུ་ཚད་ཇེ་བཟང་དུ་འགྲོ་དཀའ་སྟེ། ད་ལྟ་དཔལ་འབྱོར་ལས་མིའི་རྒྱུ་སྤུས་དང༌། དཔལ་ཡོན། ཤེས་བྱའི་ཆུ་ཚད་ལ་བསམ་བློ་གཏོང་རྒྱུ་འདང་གིན་མེད་པས་སོ།།
འབའ་སྨད་རྒྱལ་ལོ་ཚེ་རིང༌། དུས་རབས་གསར་པའི་སློབ་མའི་སློབ་སྦྱོང་གི་སེམས་ཁམས་ཇི་ལྟར་གསོ་སྐྱོང་དང༌། བསམ་གཞིག་གི་ནུས་པ་ཇི་ལྟར་མཐོར་འདེགས། དུས་བབ་དང་འཕྲོད་པའི་མི་སྣ་ཞིག་ཇི་ལྟར་བསྐྲུན་པ་ལ་དགེ་རྒན་རྣམས་ཀྱིས་བྱེད་ཐབས་གང་དག་བཀོལ་ན་འགྲིག
དོ་རྒྱ་བསོད་ནམས་ཚེ་རིང་། དེ་ཡང་འགག་པ་མེད་པ་ཐབས་ཀྱི་ཕ་རོལ་ཕྱིན་ཅེས་གསུངས་པ་ལྟར། ཐབས་ཞེས་པ་ནི་མིག་གིས་མཐོང་བའི་དགྲ་དང་མི་མངོན་པའི་བགེགས་ལས་རྣམ་པར་རྒྱལ་བ་ཞིག་ལ་འདོད་པས། ང་ལ་མཚོན་ན་སློབ་མ་ཚོས་འཛམ་གླིང་དང༌། རྒྱལ་ཁབ། མི་རིགས། ཁྱིམ་ཚང༌། མི་སྒེར་གྱི་ལས་དབང་ངོས་ཟིན་པར་བྱ་བ་དང༌། ངོས་ཟིན་ནས་ཀྱང་སྤྱི་མཐུན་དང་རང་གི་ལས་དབང་བསྒྱུར་བ་ལ་རབ་ཏུ་འབད་པ། དགེ་རྒན་གྱིས་སེར་སྣ་ཅི་ཡང་མེད་པར་སློབ་མའི་བཟང་གིས་བཟུང་ནས་བསྟོད་པ་དང༌། རང་གི་མི་ཚེ་དང་སློབ་སྦྱོང་དང་བསམ་གཞིག་གི་ཉམས་མྱོང་དག་དཔེ་མཁྱུད་ཅི་ཡང་མེད་པར་སློབ་མར་ཤ་ཚ་ཚ་དང་སྙིང་ཉེ་ཉེས་བཤད་པ་ལས་ཐབས་གཞན་ཅང་མ་རྙེད་དོ།།
འབའ་སྨད་རྒྱལ་ལོ་ཚེ་རིང༌། རྒན་ལགས་ནས་བདག་གི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ།
དོ་རྒྱ་བསོད་ནམས་ཚེ་རིང༌། བཀའ་དྲིན་ཆེ། བདེ་མོ།
འབྲེལ་ཡོད་འོས་སྦྱོར།