logo

ཕ་མ་བཟང་བོས་མི་ཆོས་བདེན་ལུགས་སྟོན།

རྩོམ་པ་པོ།:ནོར་བུ་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-14 ཀློག་གྲངས།:

  སྤྱིར་འཇིག་རྟེན་གྱི་ཕ་མ་བཟང་བོ་རྣམས་བྱིས་པའི་སེམས་ཁོང་གི་འཇིག་རྟེན་དུ་ལྗོངས་རྒྱུ་རུ་སྐྱོད་པར་མ་ཟད། ད་དུང་བྱིས་པའི་ཤེས་འདོད་ཀྱི་དྲན་ཚུལ་དང་དགའ་ཕྱོགས་ཀྱི་ཁོར་ཡུག་རེ་རེར་ལྟ་ཞིབ་དང་རྒྱུས་ལོན་བྱེད་རྒྱུར་དགའ་ཞིང༌། དེའི་འཕྲོར་མི་ཆོས་གནད་ཀྱི་བདེན་པ་སྟེ། བསམ་བློ་དང་ཀུན་སྤྱོད་ཀྱི་བདེན་པ་དང་འཆི་གསོན་བར་གྱི་བདེན་པ།  སེམས་ཁམས་བདེ་ཐང་གི་བདེན་པ་དང་འཇིག་རྟེན་འཚོ་གནས་ཀྱི་བདེན་པ། དེ་བཞིན་རིན་ཐང་གི་བདེན་པ་སོགས་བདེན་པའི་གནས་ལུགས་མང་པོ་ལེགས་པར་སྟོན་པ་ཡིན། དེས་ན་ཁོ་བོས་བདེན་པའི་གནས་ལུགས་འགའ་དཔེ་རུ་དྲངས་ནས་ཁྱེད་ཅག་གི་སྤྱན་སྔར་བསྟར་ན་གཤམ་གསལ་ལྟར།

  ཀ།  བསམ་བློ་དང་ཀུན་སྤྱོད་ཀྱི་བདེན་པ།
  དེ་ཡང་བསམ་བློ་དང་ཀུན་སྤྱོད་ཀྱི་བདེན་པ་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནས་འཚོལ་བ་མིན་ལ། སྐྱེ་བ་སྔ་ཕྱིའི་བག་ཆགས་ཀྱི་ཀློང་ནས་འཚོལ་བའང་མིན། དེ་ནི་ད་ལྟའི་རང་ཉིད་འཚོ་བཞུགས་སྐབས་ཀྱི་སྤྱི་ཚོགས་འཚོ་བ་དངོས་ཀྱི་ཞིང་ས་གྲུ་བཞི་ནས། ཕ་མ་དང་ཉེ་དུ། སྤུན་ཟླ་དང་གྲོགས་པོ་སོགས་མིའི་རིགས་ཀྱིས་བདེ་སྐྱིད་ཀྱི་ འཚོ་བར་མཚན་ཉིད་ཀྱི་ཆུ་ལུད་འཇོག་པའི་སྐབས་དེ་དག་ཏུ་འཚོལ་ཞིབ་དང་རྟོག་དཔྱོད།  ཞིབ་བཤེར་དང་སྔོག་འདོན་སོགས་བྱེད་དགོས། དེ་ལྟར་བྱས་ན་ད་གཟོད་ཀུན་སློང་བཟང་བོའི་མྱུ་གུ་ལ་རྩ་བ་རྒྱས་ཤིང༌། བསམ་བློ་བཟང་བོའི་མེ་ཏོག་ལ་བཀྲག་མདངས་རྒྱས་ངེས་རེད་པས། དེ་དུས་ཁྱེད་ཀྱི་བྱིས་པ་མི་ངོ་མ་ཞིག་ཏུ་གྱུར་ནས་ཀུན་སྤྱོད་གཙང་མའི་སིལ་ཏོག་ལ་དམར་མདངས་འོད་ཀྱི་སྨིན་ཐག་ཆོད་པར་འགྱུར་བས། གཞན་རྣམས་ལ་འགྲམ་ཆུ་སྐྱུར་མོ་ཞིག་མི་ལྡང་བའི་ངེས་པའང་མེད་སྙམ། འུ་ཅག་གིས་རྟག་ཏུ“བསམ་པ་བཟང་ན་ས་དང་ལམ་ཡང་བཟང”ཞེས་སྒྲོག་གི་ཡོད་པ་མིན་ནམ། དེ་ནི་བསམ་པའམ་བསམ་བློ་བཟང་ཚེ་ས་ལམ་ཀུན་ཏུ་བགྲོད་པ་བདེ་བའི་སྡོམ་ཚིག་བཞག་པ་ཡིན་མོད་ཀྱང༌། འུ་ཅག་གི་ཕ་མ་ཚོའི་བསམ་པར་ཆོས་མེད་ན་འཇིག་རྟེན་ཕྱི་མར་འགྲོ་ཐབས་མེད་པའི་འདུ་ཤེས་ཆགས་ཡོད་ལ། སྲིད་མེད་ན་འཇིག་རྟེན་འདིར་འཚོ་བཞུགས་མི་ཐུབ་པའི་འདུ་ཤེས་ཆགས་ཡོད་པ་རེད། དེ་ བས། རང་གི་བྱིས་པར་ཡང་དེའི་སྐོར་གྱི་སློབ་གསོ་འདྲ་བཏང་བར་བརྟེན། བྱིས་པ་རྣམས་ནི་ཆོས་མིན་སྲིད་མིན་དང་ར་མིན་ལུག་མིན་གྱི་ཕུང་གསུམ་པ་ཞིག་དང་། ཡང་ན་ལུས་ཀྱིས་ ཆོས་སྤྱོད་ཁུལ་དང་ཁ་ནས་སྲིད་བཤད་ཁུལ་བྱེད་པ་དང་། དེ་མིན་ན་ལུས་ཀྱིས་སྲིད་སྒྲུབ་ཁུལ་དང་ཁ་ནས་ཆོས་བཤད་ཁུལ་སོགས་ཡ་མ་གཟུགས་ཀྱི་ལས་བགྱི་མཁན་གྱི་ད་ལྟའི་མི་བུ་འདི་དག་སྐྱེད་སྲིང་བྱས་པ་རེད། སྣང་ཚུལ་འདི་དག་གིས་འབྱུང་འགྱུར་གྱི་བྱིས་པའི་བདེ་ཐང་ལ་གནོད་པ་ཐེབས་ངེས་ཡིན་ལ། བྱ་བ་གང་ཞིག་ལག་ལེན་དུ་བསྟར་བའི་སྐབས་སུའང་བསམ་སྤྱོད་གཉིས་སོ་སོར་གོ་འཛོལ་དང་ཡ་བྲལ་དུ་འགྲོ་ངེས་རེད་པས། བྱ་བ་དེ་མཐའ་འཁྱོལ་བ་ཞིག་འགྲུབ་དཀའ་སྟེ། ཁོའི་བསམ་བློའི་ནང“གཅིག་བྱས་ན་ཆོས་ལ་འགལ་འགྲོ། གཉིས་བྱས་ན་སྲིད་ལ་འགལ་འགྲོ། དེ་མིན་ན་མི་ཁ་སྡང་འོང་”སོགས་ཐེ་ཚོམ་ཡོད་པའི་དབང་གིས་ཅི་ཡང་མི་འགྲུབ་པ་ཞིག་ཏུ་འགྱུར་ངེས་རེད། ཡང་གཅིག་བཤད་ན། མིའི་རིགས་ཀྱི་བསམ་བློ་དེ་མཐོང་དུ་མེད་པའི་གཟུགས་མེད་ཀྱི་ཚོར་ཤེས་ཤིག་ཡིན་ཡང་། དེ་ཉིད་ཡང་དག་ཡིན་མིན་གྱིས་མི་རྣམས་ཀྱི་ཀུན་སྤྱོད་སྣ་ཚོགས་བྱུང་བ་རེད། མིའི་བསམ་བློ་རྟོགས་པའི་ཐབས་ལམ་ཉག་གཅིག་ནི་མིའི་རིགས་ཀྱི་སྤྱོད་ལམ་ལ་བརྟག་དགོས་པ་རེད། མིའི་རིགས་ཀྱིས་མིའི་ཕྱི་ལུས་ཀྱི་སྤྱོད་པ་སྣ་ཚོགས་པར་བརྟེན་ནས་ད་གཟོད་མི་དེའི་ནང་སེམས་ཀྱི་བསམ་བློ་དེ་མཐོང་ཐབས་བྱས་པ་རེད་པས། “བསམ་པ་བཟང་ངན་སྤྱོད་པས་ཤེས”ཞེས་པའི་སྡོམ་ཚིག་འདི་བོར་བ་མ་ཡིན་ནམ།
  གལ་ཏེ་མི་ཞིག་གི་བསམ་བློར་ནང་ཆོས་བསྒྲུབ་རྒྱུ་ཁོ་ན་དྲན་ཡོད་པ་ཡིན་ན། ཁོས་མ་ མཐའ་ཡང་དཀོན་མཆོག་གསུམ་ལ་དད་པ་དག་སྣང་བྱས་ཏེ། དེའི་བྱིན་རླབས་ཀྱིས་རང་ ཉིད་འཚང་རྒྱ་བར་ཐེ་མི་ཚོམ་པའི་རྨང་གཞིའི་སྟེང་ད་གཟོད་ཐོས་བསམ་སྒོམ་སྒྲུབ་ཀྱི་ཉམསལེན་གཙོར་བྱེད་དགོས་པ་ཆོས་ཉིད་ཡིན། འོན་ཀྱང་ངས་དངོས་སུ་མཐོང་བའི་ཨ་ལགས་སྐུ་རྒོད(བཏགས་མིང)ཚང་གིས་མ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་ཆེད་སྐུ་དངོས་སུ་ཆབ་སྲིད་གྲོས་མོལ་ཚོགས་འདུ་ལ་ཞུགས་བཞིན་ཡོད་པར་མ་ཟད། ད་དུང་གཞན་གྱི་ཁྱིམ་སྒོ་རེ་རེར་ཕེབས་ཤིང“བཅའ་བ་རིམ་གྲོ་བསྒྲུབས་ནས་འདུག་བཟོད་མེད་པ་རེད”ཅེས་དེ་ལྟར་རང་ཉིད་ནས་བཤད་ཀི་ཡོད་མོད་ཀྱང་། ཁྱིམ་ཚང་དེ་དག་ནས་ཕྱིར་འགྲོ་ཁར་འབུལ་བ་མི་ཉུང་བ་རེ་བཞེས་དགོས་པ་དེ་ཅི་ཡིན་ནམ། བསམ་བློ་དང་ཀུན་སྤྱོད་མི་མཚུངས་པ་བླ་མའི་མཛད་པ་ཡིན་ནམ། ཨ་ལགས་ཚང་གིས་སེམས་ཅན་སྒོམ་པའི་ཀུན་སློང་དང་འབུལ་བ་བཞེས་པའི་ཀུན་སྤྱོད་ཀྱི་གཟིགས་མོ་འདིས་སྤྱི་ཚོགས་ཤིག་ལ་ཕོག་ཐུག་མི་ཉུང་བ་བཟོས་དངབཟོ་བཞིན་ཡོད་པ་གནས་པའི་ལུགས་ཀྱིས་བདེན་དཔང་བྱེད་ཐུབ་ཀྱང་། བླ་མའི་མཛད་པ་ཞེས་པའི་ཁ་གཡོར་ས་འདིས་མིའི་རིགས་ཀྱི་བསམ་བློ་དང་ཀུན་སྤྱོད་ཀྱི་གནམ་ས་བླ་འོག་བརྗེ་རུ་བཅུག་ཅིང་། སེམས་ཅན་གྱི་མིག་ལིང་ཏོག་གིས་བསྒྲིབས་བཅུག་པ་མ་རེད་དམ།
  གཞན་ཡང་། རྫོང་དཔོན་རྒྱ་མཚོ(བཏགས་མིང)ཡིས་ཁོའི་མངའ་འོག་གི་ལས་བྱེད་པ་ ཚང་མར“ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་དངོས་ཐོག་བདེན་འཚོལ་གྱིས་མང་ ཚོགས་ཡིད་ཚིམས་པའི་བྱ་བ་བསྒྲུབ་དགོས”ཞེས་རྒྱུན་དུ་གསུངས་མྱོང་བ་རེད། འོན་ཀྱང་བྱ་ བའི་ལག་ལེན་དངོས་ཀྱི་སྐབས་ཏེ། གཞི་རིམ་དུ་བྱ་བར་རྟོག་དཔྱོད་ལ་སོང་ན་འདྲ། རྒྱུས་ ལོན་བྱེད་དུ་ཡོང་ནའང་འདྲ། ཤ་ཚོན་པོ་མེད་ན་བྱ་བ་མི་སྒྲུབ་ལ་ཆང་ཞིམ་པོ་མེད་ན་མང་ཚོགས་ཀྱི་དོན་དངོས་མི་དྲན་པ་དེ་ཅི་ཡིན་ནམ། ཕྱིར་རང་ཁྱིམ་དུ་འབྱོར་བ་ན། བསང་མཆོད་གཏོང་ཞིང་ཁ་བཏོན་འདོན། ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱེད་ཞེས་པ་ཁྱོད་ཀྱི་བསམ་སྤྱོད་གཉིས་སོ་སོར་ཁ་བྲལ་དུ་འགྲོ་བཞིན་པ་དེ་འདྲ་ཞིག་ལ་ཟེར་རྒྱུ་མིན་ན། གཞན་གང་ཞིག་ཁ་བྲལ་དུ་གཏོང་དགོས་པ་ངས་དངོས་ནས་ཧ་མི་གོ་བར་འདུག བསམ་བློ་དང་ཀུན་སྤྱོད་གཉིས་གཅིག་གྱུར་མིན་པའི་མི་འདིའི་རིགས་ཀྱིས་མི་རིགས་ཤིག་དང་། ཡང་ན་སྤྱི་ ཚོགས་ཤིག་གི་ལྷད་ཀྱིས་མ་གོས་པའི་མི་གཤིས་གཙང་མ་རྣམས་ལོ་རྒྱུས་ཀྱི་དུར་བྱང་དུ་འཇུག་བཞིན་ཡོད་པས། ཕ་མ་བཟང་བོ་རྣམས་མྱུར་དུ་སད་རྟོགས་བྱུང་ནས་རང་གི་མི་རྒྱུད་ཕྱི་མ་དག་གི་སེམས་ཁོང་དུ་ནད་རིགས་འདི་དག་འགོ་བར་སྔོན་འགོག་བྱ་དགོས་སྙམ།
  བདེ་ཐང་མིན་པའི་བསམ་བློ་དང་ཀུན་སྤྱོད་འདིའི་རིགས་ཀྱིས་སྐྱོན་གྱིས་མ་གོས་པའིབྱིས་པའི་དཀར་གཙང་གི་བསམ་སྤྱོད་མཐའ་དག་རྨེག་མེད་དུ་གཏོང་བར་བྱེད་པས། སྔོན་འགོག་གི་ཐབས་ལ་འབད་པར་བྱ། གལ་ཏེ་ཁྱེད་ཀྱི་བྱིས་པ་བསམ་མེད་ཅིག་ཡིན་ཚེ། ཁོ་ཚོས་སྤྱི་ཚོགས་ཧྲིལ་བོའི་རྙོག་འཛིང་གི་ལས་རྣམས་མཐོང་མི་སྲིད་ཀྱང་། ཕ་མ་བཟང་བོས་དེའི་རྙོག་འཛིང་གི་རུ་རྟ་བླངས་རང་གི་བྱིས་པར་དབྱེ་འབྱེད་དང་ཟུར་ལྟར་ཕུལ་ན། བྱིས་པས་མ་མཐའ་ཡང་མིའི་རིགས་ལ་གནོད་ཚབས་ཆེ་བའི་སྤྱིར་བཏང་གི་ལས་ཤིག་ཡིན་ཚེ། དེའི་ནག་ཉེས་ལ་མི་ཞུགས་པའི་བསམ་སྤྱོད་དེ་རྟོགས་ངེས་ཡིན་པས། རྗེས་ཕྱོགས་དེའི་རིགས་ལ་རྒྱང་ནས་བཞའ་སྟེ་འགྲོ་ངེས་ཡིན་ཞིང་། བསམ་བློ་དང་ཀུན་སྤྱོད་མི་མཚུངས་པའི་མི་དེའི་རིགས་ཀྱང་རིམ་གྱིས་ཁོའི་འཚར་ལོངས་ཀྱི་ཆོས་ཉིད་དང་བསྡོངས་ནས་མཐོང་ཐུབ་པ་དང་། མི་དེའི་རིགས་ལ་རིམ་གྱིས་སྐྱུག་མེར་བའི་བསམ་བློའང་འབྱུང་ངེས་ཡིན། དེ་དུས་ཕ་མ་རྣམས་ཀྱིས་དཀའ་ཚེགས་མང་པོ་མྱོང་མི་དགོས་པར་བྱིས་པར་སློབ་གསོ་གཏོང་ཐུབ་ལ། བྱིས་པ་ཚོས་ཀྱང་རང་ཉིད་ཀྱི་མི་ཚེའི་བགྲོད་ལམ་རང་ཉིད་ནས་འདེམ་ངེས་ཡིན་པས། དེ་ནི་ཕ་མའི་སློབ་གསོར་འབྲས་བུ་སྨིན་པའི་མངོན་རྟགས་ཡིན་སྲིད་ཅིང་། བྱིས་པའི་བསམ་བློ་དང་ ཀུན་སྤྱོད་ལ་གཤགས་བཅོས་ཐེངས་ཤིག་བྱས་པའང་ཡིན་སྲིད་སྙམ།
  རྒྱའི་སློབ་གསོ་མཁན་ཐའོ་ཞིན་ཀྲིའི(陶行知)“བརྒྱ་ཁྲིད་སྟོང་ཁྲིད་ཡང་དག་བདེན་ལུགས་བརྩི་ཐབས་ཁྲིད། །བརྒྱ་སློབ་སྟོང་སློབ་རྣམ་དག་མི་ཞིག་བཅོ་ཐབས་སློབ། །”ཞེས་པ་འདི་ནི་བདེན་པའི་ལེགས་བཤད་དེ། བདེན་པའི་གནས་ལུགས་ལ་བརྩི་བཀུར་དང་བརྩི་འཇོག་བྱེད་པའི་མི་ཡང་དག་ཅིག་ཏུ་འགྱུར་རྒྱུ་ནི་ད་གཟོད་སློབ་གསོའི་མཐར་ཐུག་གི་དམིགས་འབེན་ཉག་གཅིག་ཡིན་པས། ཕ་མ་བཟང་བོ་ཚོས་རང་གི་བྱིས་པ་མི་རུ་གཏོང་བ་དང་། མི་རུ་བཏང་ནས་ནི་བདེན་པའི་གནས་ལུགས་ལ་བརྩི་འཇོག་བྱེད་མཁན་དག་ཏུ་སྐྱེད་སྲིང་བྱ་དགོས། དེར་མ་ཟད་གོང་གི་བླ་དཔོན“གཟིག་ལྤགས་བཀབ་པའི་བོང་བུ”དང་། ཡང་ན“མི་ལྤགས་བཀབ་པའི་སྤྱང་ཀི”དག་ཏུ་གྱུར་ཚེ། དེ་ནི་མི་ངོ་མ་ཞིག་མ་ཡིན་ལ། བདེན་ལུགས་བརྩི་འཇོག་བྱེད་མཁན་ནི་དེ་བས་མིན་པས། མི་དེའི་རིགས་ནི་མི་རིགས་ཀྱི་ཞབས་འདྲེན་དང་སྤྱི་ཚོགས་ཀྱི་རྣ་གཅོད། ཕ་མེས་ཡང་མེས་ཏེ། མེས་པོའི་རྒྱལ་ཁབ་འདིའི་བླ་སྒུལ་དག་ལས་མ་འདས་སོ། །

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།