ཕ་མ་བཟང་བོས་མི་ཆོས་བདེན་ལུགས་སྟོན།
ཅ། རིན་ཐང་གི་བདེན་པ།
འུ་ཅག་གི་མི་བུ་སུ་དང་གང་ཡིན་ཡང་ཚང་མར་རང་ཉིད་ཀྱི་རིན་ཐང་ཡོད་པ་དང་། རིན་ཐང་གི་བདེན་པ་དེ་ཡང་མཐར་གཏུགས་ནས་བཤད་ན། འཚོ་གནས་ཀྱི་བདེན་པ་སྐྱོང་བའི་དེད་དཔོན་ཏེ། ལག་ཟུང་དང་ཀླད་པ་གཉིས་ཡིན། འཇིག་རྟེན་ཕ་མས་རང་གི་བྱིས་པར་རིན་ཐང་གི་བདེན་པ་འདི་གཉིས་ཀྱི་ནུས་སྟོབས་ལ་རྫོགས་མཐའ་མེད་པའི་གནས་ལུགས་བཤད་དེ། རང་གི་བྱིས་པ་རྣམས་རིན་ཐང་ཅན་ཞིག་ཏུ་གཏོང་བར་ཡང་འབད་བརྩོན་བྱ་དགོས་སྙམ།
མི་ཞིག་ལ་རིན་ཐང་ཡོད་མེད་ཀྱི་ཚད་གཞི་དེ་རང་གི་ལག་ཟུང་དང་ཀླད་པ་འགུལ་བའི་ནུས་སྟོབས་ལ་བལྟ་དགོས་པ་ལས། གཟུགས་བོངས་ཆེ་ཞིང་མཐོ་བ་ནི་རིན་ཐང་གི་ཚད་གཞིར་མི་འགྱུར་བ་ཡིན། འོག་ནས་ཀླད་ནུས་ཀྱི་བདེན་པ་དང་ལག་རྩལ་གྱི་བདེན་པས་མིའི་འཚོ་གནས་ཀྱི་དགོས་མཁོ་བསྐངས་པའི་སྐོར་བཤད་པ་ལ།
1.ཀླད་ནུས་ཀྱི་བདེན་པ།
སྤྱིར་མིའི་ཀླད་པ་ནི་བསམ་གཞིགས་དང་དྲན་ཤེས་ལ་སོགས་པའི་སེམས་ཉིད་ཀྱི་འཕྲོའདུ་ལ་དབང་བསྒྱུར་བྱེད་པའི་དབང་བོ་ཞིག་ཡིན་ལ། ཀླད་པའི་གཙོ་ཤུགས་ཀྱིས་མིའི་འཇིག་རྟེན་གྲུབ་པ་དང་། ཀླད་པའི་གཙོ་ཤུགས་ཀྱིས་མིའི་འཚོ་བའང་གྲུབ། བསམ་གཞིགས་དང་དོགས་སློང་། དཔྱད་བསྡུར་དང་འཚོལ་ཞིབ་སོགས་ནི་མིའི་ཀླད་པ་འགུལ་བའི་ཁྱད་ཆོས་གཙོ་བོར་གྱུར་ཡོད་པས། མི་དང་ཟོག་གི་དབྱེ་བ་རྣམ་པར་འབྱེད་བྱེད་དང་། མིའི་རིགས་བསྟུད་མུར་འཕེལ་རྒྱས་འབྱུང་བྱེད་ཀྱང་ཀླད་པ་ཡོད་མེད་ཀྱིས་གྲུབ་པར་ངེས། ད་དུང་མིའི་ཀླད་ནུས་ཀྱིས་མིའི་རིགས་ལ་བསམ་པའི་ལོངས་སྤྱོད་ཕྱོགས་ཀྱི་དགོས་མཁོ་བསྐངས་པས། རིག་གནས་དང་ལོ་རྒྱུས། འཚོ་གནས་དང་བསམ་བློ། སློབ་གསོ་དང་ཆོས་ལུགས་སོགས་ཀྱང་གསར་སྐྲུན་བྱས། དེ་དང་ཆབས་ཅིག་ཏུ་དེང་གི་སྤྱི་ཚོགས་སུ་ལས་རིགས་སྣ་ཚོགས་ཤིག་བྱུང་མྱོང་བ་རེད། ལས་རིགས་དེ་དང་དེར་འཚམས་པའི་མི་བུས་རང་གི་འཚོ་གནས་ཀྱི་དགོས་མཁོ་བསྐངས་མྱོང་བ་རང་ཅག་ལ་མྱོང་བས་གྲུབ། དེ་བཞིན་དུ་ཀླད་ནུས་ཀྱི་ གཙོ་ཤུགས་ལ་བརྟེན་ནས་བསམ་གཞིགས་དང་དོགས་སློང་། དཔྱད་བསྡུར་དང་འཚོལ་ཞིབ་ སོགས་བྱས་པས། དངོས་པོའི་ལོངས་སྤྱོད་ཀྱི་དགོས་མཁོའང་སྐོང་བཞིན་ཡོད་དེ། དཔེར་ན། ཐོས་འདོད་པ་ལ་ཁ་པར་དང་རླུང་འཕྲིན་གསར་སྐྲུན་བྱས་པ་དང་། མཐོང་འདོད་པ་ལ་གློག་སྒྲོན་དང་ཕྲ་མཐོང་ཆེ་ཤེལ། རྒྱང་མཐོང་དང་བརྙན་འཕྲིན་སོགས་མིའི་རྨི་ལམ་དུ་རྨིས་མྱོང་བའི་དངོས་པོ་ཐམས་ཅད་གསར་སྐྲུན་བྱས་དང་བྱེད་བཞིན་ཡོད། དེ་དག་གིས་མིའི་རིགས་ཀྱི་འཚོ་བར་ཕན་བདེའི་ནུས་པ་འདོན་བཞིན་ཡོད་པས། དངོས་པོའི་དཔལ་ཡོན་གྱི་ཆུ་ཚད་ཀྱང་ཚད་ངེས་ཅན་ཞིག་ཏུ་ཐོན་ཞིང་དེའི་ལོངས་སྤྱོད་ཀྱང་ཉམས་སུ་མྱོང་བཞིན་ཡོད་པ་མ་ཡིན་ནམ། དེ་བས། ཀླད་པ་འགུལ་བའི་ནུས་སྟོབས་དང་ལྡན་ཚེ། མིའི་རིགས་ཀྱིས་རང་ལ་དགོས་མཁོ་ཅི་འདོད་དུ་སྐོང་ཐུབ་པའི་བདེན་པ་ཡོད་པས། རྒྱུན་དུ་ཀླད་པ་མང་དུ་འགུལ་ནས་བསམ་གཞིགས་དང་དོགས་སློང་རྟག་ཏུ་བྱེད་རྒྱུའང་ངེས་པར་དུ་གོམས་དགོས་པའི་སློབ་གསོ་ཡིན།
འོན་ཀྱང་དེང་གི་སྐབས་འདིར། རང་གི་ཀླད་པ་མི་འགུལ་བར་བྱ་བ་གང་ཡིན་ཡང་དཔྱོད་མེད་དུ་ཁས་ལེན་པའི་མི་ཡང་ཤིན་ཏུ་མང་། དཔེར་ན་སྐྱ་མིན་སེར་མིན་དུ་གྱུར་དང་འགྱུར་བཞིན་པའི་ངོ་གཉིས་མ་དེ་དག་གིས་མིའི་རིགས་ཀྱི་ཀླད་ནུས་ཀྱི་བདེན་པ་མ་མཐོང་བས། ཟེར་རྒྱུན་གྱི་ལུང་རིགས་ལ་དད་ཞེན་བྱེད་ཅིང་། ལྷ་འདྲེས་བསྐྲུན་པའི་རིག་གནས་ཤིག་ལ་དགའ་ཞེན་བྱེད་པ་རེད། འདི་ནི་དོན་ལ་རང་ཉིད་ཀྱི་ཀླད་པའི་རིན་ཐང་སྣང་མེད་དུ་བག་ལ་ཞ་རུ་བཅུག་པ་ལས་མ་འདས་ལ། འདི་ནི་ཀླད་མེད་གང་དེའི་རིག་གནས་ཀྱིས་ བསྐྱེད་པའི་བག་ཆགས་རྙིང་བ་ལས་མ་འདས། གང་ལྟར་ཀྱང་བསམ་གཞིགས་དང་དོགས་སློང་མེད་པའི་རིག་གནས་ཀྱིས་མིའི་ཀླད་ནུས་ཀྱི་འཇོན་ཐང་ཇེ་ཞན་དུ་གཏོང་བཞིན་ཡོད་པས། འཚོ་གནས་ཀྱི་སྲོག་དང་མི་ལྡན་པའི་རིག་གནས་ནི་འཆི་མ་གསོན་གྱི་རིག་གནས་ཤིག་ དང་། ཀླད་ནུས་ཀྱི་འཇོན་ཐང་མེད་པའི་མི་ནི་རྩྭ་གཟུགས་ཀྱི་མི(植物人)ཙམ་ལས་མ་འདས་སོ། །
སྤྱིར་བཏང་དུ། མིས་རང་གི་ཀླད་ནུས་ཀྱི་གཙོ་ཤུགས་བཏོན་མིན་གྱི་དབང་གིས་མིའི་རིགས་ཀྱི་རིག་གནས་དང་ཆོས་ལུགས། སྤྱི་ཚོགས་དང་སློབ་གསོ་སོགས་ཀྱི་ཁྱད་པར་བྱུང་ཞིང་། དེ་དག་གི་བྱེད་ནུས་ཀྱིས་མི་རིགས་སོ་སོར་རང་ཉིད་ཀྱི་འཇིག་རྟེན་ལྟ་ཚུལ་དང་མི་ཚེ་ལྟ་ཚུལ། རིན་ཐང་ལྟ་ཚུལ་དང་དཔལ་ཡོན་ལྟ་ཚུལ་སོགས་ལྟ་ཚུལ་དུ་མའི་ཁྱད་པར་བྱུང་བ་རེད། བོད་མིའི་རིག་གནས་དང་ཆོས་ལུགས། སྤྱི་ཚོགས་དང་སློབ་གསོ་སོགས་ནི་བོད་མི་དག་གིས་རང་གི་ཀླད་ནུས་ཀྱི་གཙོ་ཤུགས་བཏོན་ནས་གསར་སྐྲུན་བྱས་པ་བདེན་ནའང་། དེར་ཡང་མི་རིགས་གཞན་གྱི་ལེགས་ཆ་བླངས་ཏེ་རང་གི་ཁྱད་ཆོས་སུ་བསྒྱུར་མྱོང་བ་བདེན་པ་ཡིན། འོན་ཀྱང་འུ་ཅག་གིས་ནང་བསྟན་ནང་འདྲེན་བྱས་ཏེ། བསམ་པའི་དགོས་མཁོ་བསྐངས་པའི་གཙོ་རྒྱུགས་རིག་གནས་སུ་བསྒྱུར་མྱོང་ན། ཅིའི་ཕྱིར་ཚན་རྩལ་རིག་གནས་ནང་འདྲེན་བྱེད་མ་ཐུབ་པ་ཡིན་ནམ། འཇིག་རྟེན་པའི་འཚོ་གནས་ཀྱི་དགོས་མཁོ་དང་དངོས་པོའི་དགོས་མཁོ་སྐོང་བ་ལ་ཚན་རྩལ་རིག་གནས་ནང་འདྲེན་བྱས་ཆོག་ཆོག་ཡིན་ཡང་། དེ་ལ་མཐའ་གཅིག་ཏུ་དགག་རྒྱག་དང་སུན་འབྱིན་བྱེད་དོན་ཅི་ཡིན་ནམ། གང་ལྟར་ཀྱང་འུ་ཅག་གི་གཙོ་རྒྱུགས་རིག་གནས་ལ་མཚོན་ན། རྒྱ་གར་ནས་ནང་འདྲེན་བྱས་པའི་སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་བཞག་པར་བརྟེན། བོད་མིའི་འཇིག་རྟེན་ལྟ་ཚུལ་དང་མི་ཚེ་ལྟ་ཚུལ། རིན་ཐང་ལྟ་ཚུལ་དང་དཔལ་ཡོན་ལྟ་ཚུལ་སོགས་བསམ་པའི་འཁྱེར་སོ་རྣམས་གཞན་དང་མི་མཚུངས་པར་གྱུར་བ་རེད་དམ། ཆོས་སྲིད་ཟུང་འབྲེལ་ནི་དེའི་མངོན་སྟངས་གཙོ་བོ་ ཞིག་ཏུ་སྣང་ཞིང་། བོད་མིས་ཆོས་སྲིད་ཟུང་འབྲེལ་ལ་འབོད་སྐུལ་ཡང་ཡང་གཏོང་བའི་རྒྱུ་མཚན་གཞན་ཞིག་ཀྱང་འདི་དག་ལ་ཐུག་འདུག་པ་ཤེས་ཐུབ།
འཇིག་རྟེན་ཕ་མས་རང་གི་བྱིས་པར་ཀླད་ནུས་ཀྱི་གཙོ་ཤུགས་འདོན་པར་སྐུལ་སློང་བྱ་འདོད་ན། རྨོངས་འཐོམས་ཀྱིས་གཞུང་ལུགས་ཤིག་རྒྱབ་རྩར་འཛིན་པ་དེ་ནི་ནོར་འཁྲུལ་ གྱི་ལྟ་སྤྱོད་ལས་མ་འདས། དཔེར་ན། གཅིག་མཚུངས་ཀྱི་གྲོ་སོན་ཞིག་ས་ཞིང་གཅིག་ལ་འདེབ་པའི་དབང་དུ་བཏང་ན་ཡང་། སྐྱེས་པའི་ལྗང་མྱུག་ཡོད་ཚད་གཅིག་མཚུངས་ཡིན་པའི་ངེས་པ་མེད། ལྗང་མྱུག་ཡོད་ཚད་སྐྱེས་ནས་ཚད་ངེས་ཅན་ཞིག་ལ་ཐོན་ཚེ་ད་གཟོད་གསོན་པའི་རེ་བ་ལྡན་པར་གྱུར། ས་བོན་གྱི་རྩ་བ་གནས་ངེས་ཅན་ཞིག་ཏུ་ཚུགས་ཟིན་པའི་མྱུ་གུ་དེ་མྱུ་གུ་གཞན་དང་བསྡུར་ན་སྐྱེས་སྟོབས་ལྡན། གནས་ལུགས་དེ་བདག་ལ་བལྟས་པས་ཀྱང་ཞིང་བའི་ཁྱིམ་བདག་རྣམས་ལ་ལྷག་ཏུ་གསལ་ངེས་ཡིན། དེ་ནི་བྱིས་པ་དག་ལ་ཆ་མཚོན་ནས་བཤད་ནའང་གཅིག་མཚུངས་རེད། གལ་ཏེ་རང་གི་བྱིས་པར་ཆེས་འཚམས་པའི་སློབ་གསོའི་ཐབས་ལམ་ཞིག་འཚོལ་སྙམ་ན། འཇིག་རྟེན་ཕ་མས་ཉིན་རྒྱུན་བཞིན་བྱིས་པར་ལྟ་ཞིབ་བྱ་དགོས། ལྷག་པར་དུ་བྱིས་པར་དུས་ཡུན་རིང་བོར་འགྲོགས་ནས་རྒྱུས་ལོན་བྱས་མཐར། ད་གཟོད་ཕ་མ་རང་ཉིད་ཀྱི་སློབ་གསོའི་བྱེད་ཐབས་དེ་གཏན་འཁེལ་བྱ་དགོས། རྒྱུན་དུ་ལྟ་ཞིབ་དང་རྒྱུས་ལོན་བྱེད་པའི་དམིགས་ཡུལ་ནི། རང་གི་བྱིས་པའི་དགའ་ཕྱོགས་དང་ཁྱད་ཆོས། མི་འདང་ས་ཚང་མ་ཤེས་རྟོགས་འབྱུང་ཕྱིར་དང་བྱིས་པ་གསོ་སྐྱོང་བྱེད་པའི་ཐབས་ཤེས་གསར་བ་རྙེད་ཕྱིར་ཡིན། བྱིས་པ་གསོ་སྐྱོང་བྱེད་པའི་ཐབས་ཤེས་ནི་གཞུང་ ལུགས་ལ་བརྟེན་ནས་བྱུང་བ་མ་ཡིན་པར་དེ་ནི་འཇིག་རྟེན་ཕ་མ་དག་ལ་བརྟེན་ནས་བྱུང་བ་རེད། འཇིག་རྟེན་ཕ་མའི་ལྟ་ཚུལ་དག་གཞུང་ལུགས་ཀྱིས་གཏན་འཁེལ་བྱས་མེད་ནའང་། དེ་ནི་རང་གི་བྱིས་པར་ཆེས་འཚམས་པའི་རང་ཉིད་ཀྱི་སློབ་གསོའི་ཐབས་ལམ་དེ་ཡིན་པས། མི་འགྲིག་པའི་ངེས་པ་ག་ལ་ཡོད། འཇིག་རྟེན་གྱི་གཞུང་ལུགས་མཐའ་དག་ཀྱང་བདག་ཅག་གི་ཕ་མའི་ཉམས་མྱོང་མང་པོ་ཕྱོགས་བསྡོམས་བྱས་པ་ལས་མ་འདས་པས། རང་གི་ལྟ་ཚུལ་དང་ཐབས་ཤེས་ཡོད་ཚད་རང་གི་ཀླད་ནུས་ཀྱིས་གསར་སྐྲུན་བྱས་པའི་གྲུབ་འབྲས་ཡིན་ན་དེར་སྣང་མེད་དང་མཐོང་ཆུང་བྱེད་རྒྱུ་ག་ལ་ཡོད། ཁྱེད་ཀྱིས་རང་གི་བྱིས་པར་རྒྱུས་ལོན་བྱས་ཤིང་སྐྱེད་སྲིང་བྱེད་ཐབས་ཀྱི་བསམ་ཕྱོགས་ཐུན་མོང་མ་ཡིན་པ་ཞིག་ཡོད་ན། དེ་ཡང་ཁྱེད་ཀྱི་བྱིས་པའི་དགའ་ཕྱོགས་དང་མཐུན་ངེས་ཡིན་པས། ཁྱེད་ཀྱི་དྲན་ཕྱོགས་དེས་རང་གི་བྱིས་པའི་མི་འདང་ས་དེར་ཕན་འདོགས་པའི་ནུས་པ་ལྡན་ངེས་ཡིན། དཔེ་དེབ་སྟེང་བཀོད་པའི་གཞུང་ལུགས་དང་གཞུང་ལུགས་ཀྱིས་གཏན་ལ་ཕབ་པའི་གནས་ལུགས་མཐའ་དག་ཁྱེད་ཀྱི་བྱིས་པར་འཚམས་པའི་ངེས་པ་མེད་པས། རང་གི་ལག་ལེན་གྱི་ཉམས་མྱོང་དངོས་དེ་མེད་པར་གཞུང་ལུགས་ཤིག་ལ་བརྟེན་པ་དེ་ནི་སྐོམ་པའི་མི་ལ་ཚྭ་སྟེར་བའི་དཔེ་ལྟར་མི་འགྱུར་བའི་ངེས་པ་མེད་སྙམ།
འཇིག་རྟེན་ཕ་མས་རང་གི་བྱིས་པར་ཀླད་ནུས་ཀྱི་གཙོ་ཤུགས་འདོན་པར་སྐུལ་སློང་བྱ་འདོད་ན། བྱིས་པའི་མཚར་འཛིན་གྱི་བློ་ལ་རྒྱབ་རོགས་བྱ་དགོས། བྱིས་པ་ཐུན་མོང་གི་ཁྱད་ཆོས་ནི་དྲན་རིག་རྒོད་ཅིང་མཚར་འཛིན་ཆེ་བ་ཡིན་པས། ཁོ་ཚོ་བསམ་ཡུལ་ལས་འདས་པའི་དྲི་བ་སྣ་ཚོགས་འདོན་རྒྱུར་དགའ་བོ་འདུག དེ་ནི་ཁོའི་ཀླད་པས་གང་ཞིག་ཤེས་འདོད་ཀྱི་བློ་དེ་ཕྱི་ཚུལ་དུ་བསྟན་པ་རེད་པས། འདོད་བློ་དེ་དང་བསྟུན་ནས་ཁོ་ཚོ་ཚོད་ལྟ་དང་ལག་ལེན་ལ་བསྐུལ་ན་འགྲིག གལ་ཏེ་ཕ་མ་སྐོར་ཞིག་གིས་འདྲི་རྒྱུ་མང་ཞིང་དྲན་རིག་རྒོད་པའི་བྱིས་པ་རྣམས་མ་རབས་ལ་བརྩིས་ནས་དེའི་མགོ་བོ་མནན་པ་ཡིན་ན། དྲན་ཤེས་ཀྱི་རྒོད་པོ་མཐུར་གྱིས་གཅུན་ནས་བློ་གྲོས་མནན་པ་ལས་མ་འདས་པས། བྱིས་པས་ཀླད་ནུས་ཀྱི་གཙོ་ཤུགས་འདོན་མི་སྲིད་ལ། གསར་གཏོད་དང་གསར་སྐྲུན་གྱི་སྙིང་སྟོབས་ཀྱང་ཉམས་རྒུད་དུ་འགྲོ་བར་བརྟེན། རང་ཉིད་ཀྱི་རིན་ཐང་སྟེ། ཀླད་ནུས་ཀྱི་བདེན་པ་ཡང་རིམ་གྱིས་བག་ལ་ཞ་འགྲོ་བ་རེད།
2.ལག་རྩལ་གྱི་བདེན་པ།
འཇིག་རྟེན་འདིར་བསམ་ཕོད་པ་དང་སྒྲུབ་ཕོད་མཁན་ཡང་མི་ཉུང་བ་ཞིག་ཡོད་ལ། དེ་དག་གི་འཚོ་བ་ནི་འུ་ཅག་དང་བསྡུར་ན་གནམ་སའི་ཁྱད་པར་ཤོར་འདུག དེ་བས་འུ་ཅག་གིས་ཁོ་ཚོའི་འཚོ་བར་ཡིན་སྨོན་བྱས་ནས་འདུག་པ་ལས་ཐབས་གཞན་གང་ཡང་མེད་པ་ལྟར་སྣང་ཡང་། དོན་ལ་བསམ་ཕོད་མཁན་གྱི་མི་དེ་དག་གིས་འུ་ཅག་དང་བསྡུར་ན་ཀླད་པ་མང་དུ་འགུལ་བ་ཙམ་དང་། སྒྲུབ་ཕོད་མཁན་གྱི་མིས་ཀྱང་འུ་ཅག་དང་བསྡུར་ན་ལག་པ་མང་དུ་འགུལ་འདུག་པའི་ཁྱད་པར་ཙམ་རེད། དེ་བས་གོང་དུ་བཤད་པ་ལྟར་མི་ཞིག་ལ་རིན་ཐང་ཡོད་མེད་ཀྱི་ཚད་གཞི་དེ་རང་གི་ལག་ཟུང་དང་ཀླད་པ་འགུལ་བའི་ནུས་སྟོབས་ལ་བལྟ་དགོས་པ་ལས། གཟུགས་བོངས་ཆེ་ཞིང་མཐོ་བ་ནི་རིན་ཐང་གི་ཚད་གཞིར་མི་འགྱུར་བ་ཡིན།
འོན་ཀྱང་། འུ་ཅག་གི་སྡེ་ན། “ཁ་མཁས་ན་སྡེ་བའི་དཔོན་པོ་དང་། ལག་མཁས་ན་སྡེ་བའི་གཡོག་པོ་ཡིན”ཞེས་པའི་གཏམ་དཔེ་ཞིག་འདུག་པ་འདི་ནི་བོད་མི་རྒན་དར་གཞོན་གསུམ་གྱི་ཁ་ན་རླུང་ལྟར་གྲགས་བཞིན་འདུག་ཀྱང་། དེའི་ལྡོག་ཕྱོགས་ཀྱི་སློབ་གསོའི་ཉེས་དམིགས་ལ་ད་སྔ་ཁོ་བོ་མ་གཏོགས་བསམ་གཞིགས་བྱེད་མཁན་མ་བྱུང་བ་འདྲ།
གལ་ཏེ་ཁྱོད་ཀྱིས“ཁ་མཁས་ན་སྡེ་བའི་དཔོན་པོ་དང་། ལག་མཁས་ན་སྡེ་བའི་གཡོག་ པོ”མིན་ནམ་ཟེར་ན། སྤྱི་ངོས་ནས་བལྟས་ན་དེ་འདྲ་ཞིག་ཏུ་སྣང་ཡང་། དེའི་ལྡོག་ཕྱོགས་ཀྱི་ སློབ་གསོའི་ཉེས་དམིགས་ཀྱིས་འུ་ཅག་ལ་ལག་རྩལ་གྱི་བདེན་པ་དེ་འགོག་གི་འདུག་ཟེར་རྒྱུ་ཡིན། སྤྱིར་བོད་མི་རིགས་འདིར་ལག་ཤེས་བཟོ་ལས་ཆེས་ཆེར་དར་མ་ཐུབ་པ་ནི་ཀླད་མེད་ཡིན་པས་མ་རེད་ལ། ལག་རྩལ་མེད་པ་དེ་བས་ཀྱང་མ་རེད། དེ་ནི་ཚད་བཀག་ཆེ་བའི་རིག་གནས་ཤིག་གི་སྣང་ཚུལ་ཏེ། “འདུས་བྱས་ཐམས་ཅད་མི་རྟག་པ”ཡིན་པའི་རིག་གནས་དེས“ལག་མཁས་ན་སྡེ་བའི་གཡོག་པོ”ཡིན་ཞེས་བཤད་དེ། ལག་ཤེས་དང་ལག་རྩལ་གྱིས་བཟོས་པའི་དངོས་པོ་ཐམས་ཅད་འགོག་གི་ཡོད་པས་རེད། སྤྱིར་སྟོང་ཉིད་སྒོམ་པའི་མིའི་རིགས་ལ་དངོས་པོས་གོ་མི་ཆོད་ལས་ཆེ་ཡང་། འཇིག་རྟེན་སྐྱོང་བའི་མིའི་རིགས་ལ་དངོས་པོའི་དགོས་གལ་ཤིན་ཏུ་ཆེ། རྒྱུ་མཚན་ནི། ཁོ་ཚོས་དངོས་པོའི་ནུས་པར་བརྟེན་ནས་རང་ཉིད་ཀྱི་རྐང་ཚགས་དང་ལུས་ཚགས་སོགས་སྡུག་བསྔལ་མང་པོ་སེལ་ཐུབ་པའི་བདེན་པ་རྙེད་ཡོད་པས། བོད་ཀྱི་འཇིག་རྟེན་སྐྱོང་བའི་མི་ཕལ་ཆེ་བར་འདུས་བྱས་མི་རྟག་གི་འདུ་ཤེས་སྐྱེས་མི་སྲིད་ལ། ལག་ཤེས་དང་ལྡན་པའི་ལག་རྩལ་པ་ཞིག་ཏུའང་འགྱུར་ཐུབ་ཀི་མེད་པ་ལྟར་གནས་ཡོད་ པ་རེད། འོན་ཀྱང་མིག་སྔའི་སྤྱི་ཚོགས་སྣང་ཚུལ་ལ་བལྟས་ན། “ཁ་མཁས་ན་སྡེ་བའི་དཔོན་ པོ་དང་། ལག་མཁས་ན་སྡེ་བའི་གཡོག་པོ་ཡིན”མིན་མི་ཤེས་ཀྱང་། མིག་སྔའི་སྤྱི་ཚོགས་སུ་“ཁ་མཁས་པ་དཔོན་པོའི་གཡོག་པོ་དང་། ལག་མཁས་པ་རང་གི་དཔོན་པོ”ལྟར་གྱུར་དང་འགྱུར་བཞིན་པའི་སྣང་ཚུལ་ཞིག་ཐོན་དང་འཐོན་བཞིན་འདུག
གང་ལྟར་ཀྱང་བོད་དུ་ལག་ཤེས་བཟོ་ལས་ཆེ་ཆེར་དར་མ་ཐུབ་པ་དང་། བོད་མི་རྣམས་ལག་ཤེས་པ་དག་ཏུ་འགྱུར་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི“ཁ་མཁས་ན་སྡེ་བའི་དཔོན་པོ་དང་། ལག་མཁས་ན་སྡེ་བའི་གཡོག་པོ་ཡིན”ཞེས་པའི་གཏམ་དཔེ་འདི་དང་། གཏམ་དཔེ་འདི་བསྐྱེད་པའི་རིག་གནས་དེའི་བག་ཆགས་རྙིང་བ་ཡོད་པས་རེད། གཏམ་དཔེ འདི་ལས་རིག་གནས་ཤིག་གི་ནང་གི་སྣང་ཚུལ་མཐོང་ཐུབ་པར་མ་ཟད། བོད་མི་ཁྱིམ་བདག་ ཚོའི་དྲན་ཚུལ་ཡང་མཐོང་ཐུབ། ཁོ་ཚོ་ཚང་མས་རང་གི་བྱིས་པ་ཁ་མཁས་པའི་དཔོན་པོར་ གྱུར་ན་སྙམ་པ་ལས་ལག་མཁས་པའི་གཡོག་པོར་གྱུར་ན་སྙམ་མཁན་གཅིག་ཀྱང་མེད། དེ་བས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།“མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས། །གཅིག་ལས་གཅིག་མགྱོགས་བདེ་བའི་ཕྱོགས་སུ་རྒྱུགས། །”ཞེས་གསུངས་པའི་ཆོས་ཉིད་ལྟར་ཡོད་ཚད་ཀྱིས་བདེ་བ་འདོད་པ་ལས་སྡུག་བསྔལ་མི་འདོད་པ་རེད། འོན་ཀྱང་ཕ་མ་མང་ཆེ་བ་ཞིག་གིས“སྡུག་སྔོན་ལ་མྱངས་ན་སྐྱིད་གཞུག་ན་ཡོད”ཅེས་པའི་གནས་ལུགས་དེ་བརྗེད་འདུག་པ་རེད། བསམ་ཕོད་སྒྲུབ་ནུས་དང་ལྡན་པའི་ཡུ་ཧུ་དྰ་པ་མི་རིགས་ལ་མཚོན་ན། ཁོ་ཚོས་གཞན་གྱིས་མཐོང་མི་སྲིད་པ་དང་སྐྱི་གཡའ་བའི་སྡུག་བསྔལ་མང་པོ་ཞིག་མྱངས་པ་དང་། སྡུག་བསྔལ་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་ནས་འབད་པ་བྱས་མཐར་ད་གཟོད་འཛམ་གླིང་གི་མི་རིགས་ཨང་དང་པོར་གྱུར་བ་མ་ཡིན་ནམ།
བོད་ཀྱི་འཇིག་རྟེན་པ་ཕལ་ཆེ་བས། དངོས་པོའི་ནུས་པར་བརྟེན་ནས་རང་ཉིད་ཀྱི་རྐང་ཚགས་དང་ལུས་ཚགས་སོགས་སྡུག་བསྔལ་མང་པོ་སེལ་ཐུབ་པའི་བདེན་པ་རྙེད་ཡོད་ཀྱང་། དངོས་པོ་གསར་སྐྲུན་གྱི་ལས་ལ་ད་དུང་འཇུག་ཐུབ་ཀི་མེད་པ་རེད། དེ་ནི་འདུས་བྱས་མི་རྟག་གི་རིག་གནས་དེའི་བག་ཆགས་ཡིན་མོད་ཀྱང་། འཇིག་རྟེན་འཚོ་གནས་ཀྱི་དགོས་མཁོ་སྐོང་དགོས་ན། དངོས་པོའི་ལོངས་སྤྱོད་ཀྱིས་མིའི་འདོད་བློ་ཇི་བཞིན་དུ་ཚིམ་པར་བྱེད་པས། དངོས་པོ་གསར་སྐྲུན་གྱི་ལས་ལ་ངེས་པར་དུ་ཞུགས་དགོས་འདུག རྒྱུ་མཚན་ཅིའི་ཕྱིར་ཞེ་ན། བདག་ཅག་གི་ཕ་རྒྱུད་དང་མ་རྒྱུད། བུ་རྒྱུད་དང་ཚ་རྒྱུད་སོགས་མི་རབས་མང་པོ་ཞིག་གི་འཚོ་གནས་ཀྱི་ཆེད་དུ་སྟེ། འུ་ཅག་གི་མི་རྒྱུད་གོང་མ་འདི་དག་གིས་འཚོ་གནས་ཀྱི་ཆེད་དུ་ལས་ཀ་བྱས་པ་གཞན་ལས་ལྡབ་འགྱུར་གྱིས་མང་བའི་ཕྱིར་དང་། ཡང་ན། གཞན་རྣམས་ཀྱིས་འཕྲུལ་ཆས་ལ་བརྟེན་ནས་ལས་ཀ་བྱེད་དུས་འུ་ཅག་གི་མི་རྒྱུད་གོང་མ་ཚོས་ད་དུང་ལགཟུང་ལ་བརྟེན་ནས་ལས་ཀ་བྱས་མྱོང་བའི་ཕྱིར་རོ། །
གསར་སྐྲུན་གྱི་ལས་བྱེད་ན་ཁ་ནས་བཤད་པ་ཙམ་གྱིས་མི་ཡོང་བ་རེད། དེ་བས་ཀླད་པ་མང་དུ་འགུལ་ནས་བདག་ཅག་གི་ཕ་མས་ཞིང་བཏབ་ཅིང་ཕྱུགས་འཚོ་བཞིན་ཡོད་པས། དངོས་པོ་གང་འདྲ་ཞིག་གསར་སྐྲུན་བྱས་ཏེ་ཁོ་ཚོའི་སྡུག་བསྔལ་ཇེ་ཉུང་དུ་གཏོང་དགོས་སྙམ་པའི་ཀུན་སློང་གཙང་མ་ཞིག་རྒྱུད་ལ་ཤར་དགོས་རྒྱུ་ནི་འུ་ཅག་གི་འགན་ཁུར་ཡིན་ལ། མཐར་གཏུགས་ནས་བཤད་ན་ཕ་མའི་དྲིན་ལན་ཡང་ཡིན། ཕ་མའི་དྲིན་ལན་ཞེས་པ་ངེས་ པར་དུ་ཕ་མ་ལ་བརྩི་བཀུར་ཁོ་ན་བྱ་རྒྱུ་དེ་མ་ཡིན་པར། གསར་སྐྲུན་གྱི་ལས་ལ་བརྟེན་ནས་ ཕ་མ་དག་གིས་མི་འདོད་པའི་སྡུག་བསྔལ་སེལ་ཐབས་བྱ་རྒྱུ་ནི་གཙོ་བོ་ཡིན་པར་འདོད། གསར་སྐྲུན་གྱི་ལས་བྱེད་ན་ཁ་ནས་བཤད་པ་ཙམ་གྱིས་མི་ཡོང་བས། ངེས་པར་དུ་སེམས་ཁོང་དུ་དྲན་པའི་དོན་རྣམས་ཀླད་ནུས་ལ་བརྟེན་ནས་བསམ་གཞིགས་དང་དབྱེ་ཞིབ་བྱས་མཐར་ལག་ལེན་དུ་བསྟར་རྒྱུ་དེ་ཡིན། བསམ་པའི་དོན་རྣམས་ལག་ལེན་དུ་བསྟར་སྐབས་རྒྱུན་འཁྱོངས་མཐར་བསྐྱལ་བྱེད་པ་ལས། ལས་མཚམས་ནས་གཡུགས་བཞག་ཚེ། བསམ་དོན་ གྱི་རི་མོ་མ་འགྲུབ་པ་དང་ཕ་མའི་དྲིན་ལན་ཡང་མ་ཕྱོགས་པ་རེད། དེ་བས། ཀླད་ནུས་ལ་བརྟེན་ནས་ལག་རྩལ་གྱིས་བཟོས་པའི་དངོས་པོའང་བོད་མ་གཏོགས་པའི་མི་རིགས་གཞན་གྱིས་གསར་སྐྲུན་བྱས་དང་བྱེད་བཞིན་མཆིས། དེ་དག་ནི་ཚན་རིག་གི་ལག་རྩལ་བཀོལ་ནས་བཟོས་པའི་རླངས་འཁོར་ནས་གནམ་གྲུ་བར་དང་། ཡང་ན་ཆུ་ཤུགས་རླུང་ཤུགས་དང་ཉི་ནུས་སོགས་ལ་བརྟེན་ནས་བླངས་པའི་གློག་ནས་གློག་ཤུགས་ལ་བརྟེན་ནས་འཁོར་སྒུལ་བྱེད་བཞིན་པའི་དངོས་པོ་མཐའ་དག་རེད། དེ་དག་གིས་མིའི་རིགས་ཀྱི་སྤྱི་ཚོགས་ལ་སྟབས་བདེ་བཟོས་ཡོད་པར་མ་ཟད། ད་དུང་མི་འདོད་པའི་སྡུག་བསྔལ་མཐའ་དག་སེལ་ཅི་ཐུབ་བྱས་ནས་ཞི་བདེ་དང་འཆམ་མཐུན་གྱི་ཕྱོགས་ལ་བཞུད་འགོ་བརྩམས། འོན་ཀྱང་ང་ཚོས་དེ་དག་གི་དངོས་པོ་ལོངས་སུ་སྤྱོད་བཞིན་ཁ་ནས་མི་རྟག་པ་དང་ཉེན་ཁ་ཡོད་ཚུལ་བཤད་དེ་འདུག་རྒྱུར་ངོ་མི་གནོང་ངམ། ལག་རྩལ་གྱི་བདེན་པས་མིའི་འཚོ་གནས་ཀྱི་དགོས་མཁོ་སྐོང་འདོད་ན། ངེས་པར་དུ་ཚན་རིག་གི་ལག་རྩལ་ནང་འདྲེན་བྱས་ཏེ་བཀོལ་སྤྱོད་བྱ་དགོས་པ་ལས་མཐའ་གཅིག་ཏུ་འགོག་རྒོལ་བྱེད་པ་ནི་རྗེས་ལུས་ཀྱི་བླུན་རྟགས་སོ། །
མདོར་ན། འུ་ཅག་གི་མི་བུ་སུ་ཡིན་ཡང་ཚང་མར་རང་ཉིད་ཀྱི་རིན་ཐང་ཡོད་ལ། རིན་ཐང་གི་བདེན་པ་དེ་ཡང་མཐར་གཏུགས་ནས་བཤད་ན། འཚོ་གནས་ཀྱི་བདེན་པ་སྐྱོང་བའི་དེད་དཔོན་དུ་གྱུར་བའི་ལག་ཟུང་དང་ཀླད་པ་གཉིས་ཡིན། འཇིག་རྟེན་ཕ་མས་རང་གི་བྱིས་པར་རིན་ཐང་གི་བདེན་པ་འདི་གཉིས་ཀྱི་ནུས་སྟོབས་ལ་རྫོགས་མཐའ་མེད་པའི་གནས་ལུགས་བཤད་དེ། རང་གི་བྱིས་པ་རྣམས་རིན་ཐང་ཅན་ཞིག་ཏུ་གཏོང་འདོད་ན་ངེས་པར་དུ་ཀླད་ནུས་འདོན་པའི་ཞོར་དུ་ལག་ཟུང་རྒྱུན་དུ་འགུལ་བར་སྐུལ་འདེད་དང་སློབ་གསོ་ཡང་ཡང་བྱ་དགོས་རྒྱུ་ནི་གཡོལ་མེད་ཀྱི་འོས་འགན་ཡིན།