ཕ་མ་བཟང་བོས་མི་ཆོས་བདེན་ལུགས་སྟོན།
ག ལུས་སེམས་བདེ་ཐང་གི་བདེན་པ།
བྱིས་པ་ནར་སོན་པའི་གོ་རིམ་ཁྲོད་བྱིས་པའི་ལུས་ཁམས་དང་སེམས་ཁམས་ཀྱི་བདེ་ཐང་ནི་བྱིས་པས་ཚེ་གང་བོར་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་མིན་དང་བྱིས་པ་རྣམས་རྙོག་འཛིང་གི་སྤྱི་ཚོགས་ཁོར་ཡུག་ཁྲོད་བདེ་ཐང་ངང་འཚོ་བཞུགས་བྱེད་ཐུབ་མིན་དང་འབྲེལ་བ་དམ་པོ་ཡོད་པའི་དོན་དག་ཅིག་ཡིན་པས། ཕ་མ་བཟང་བོ་ཚོས་བྱིས་པ་ནར་སོན་པའི་སྐབས་འདི་ཉིད་དུ། བྱིས་པའི་ལུས་ཁམས་བདེ་ཐང་ཡིན་ཚེ་ཐམས་ཅད་བདེ་ཐང་ཡིན་པའི་དཔྱོད་མེད་ཀྱི་ལྟ་བ་དེ་འདྲ་མི་འཛིན་པར་སེམས་ཁམས་བདེ་ཐང་གི་སློབ་གསོའི་ཆོས་ཉིད་ཀྱང་གནད་དུ་འཛིན་དགོས།
1.བདེ་ཐང་གི་ལུས་ཁམས།
སྤྱིར་མིའི་རིགས་ཀྱི་ཚེ་སྲོག་བསྐྱེད་པའི་ས་བོན་ཐོག་མ་ནི་ཕ་མའི་ཁུ་ཁྲག་ཟུང་དུ་འབྲེལ་བའི་ཕུང་གསུམ་པ་དེ་རེད་པས། ཟླ་དགུ་ཞག་བཅུའི་མངལ་གྱི་ཁང་བཟང་ལ་བརྟེན་ནས་ཆེ་རུ་འཕེལ་ཞིང་བཙས་པ་དང་ནར་སོན་པ་སོགས་ཀྱི་བརྒྱུད་རིམ་རིང་མོ་ཞིག་བརྒྱུད་མཐར་ད་གཟོད་མིའི་ལུས་ཁམས་འདི་གྲུབ་པ་རེད། ལུས་ཁམས་ནི་ཚེ་སྲོག་གི་རྟེན་ས་ཡིན་པས། ཚེ་སྲོག་འགུལ་སྐྱོད་ཀྱི་ཁྲོད་ན་འཚོ་བཞུགས་ཀྱི་བདེན་པ་ཡོད་ལ། ཚེ་སྲོག་འགུལ་སྐྱོད་ཀྱི་ཁྲོད་ན་ལུས་སེམས་བདེ་ཐང་གི་བདེན་པའང་ཡོད། དེ་བས་མིའི་རིགས་ཀྱིས་ཚེ་སྲོག་འགུལ་སྐྱོད་ཀྱི་ཁྲོད་ནས་ད་གཟོད་འཚོ་གནས་བདེར་བཞུགས་དང་ནད་མེད་ཚེ་རིང་གི་བདེན་པ་བསྲིང་དགོས།
མི་རྣམས་ཚེ་རིང་ནད་མེད་ངང་འཚོ་བཞུགས་བྱེད་ཐུབ་མིན་གྱི་གནད་འགག་དེ་ལུསཁམས་བདེ་ཐང་གི་རྨང་གཞིར་བརྟེན་དགོས་པས། ལུས་རྟེན་ནམ་ལུས་ཁམས་ལ་དབང་བོ་ ཚང་ཞིང་ལྐུགས་ཞ་འོན་པ་དང་ནད་ཡམས་སོགས་རང་བྱུང་དང་རང་བྱུང་མ་ཡིན་པའི་སྐྱོན་གྱི་དྲི་མས་མ་གོས་པ་ནི། བདེ་ཐང་གི་ལུས་ཁམས་ཆགས་པའི་མངོན་རྟགས་ཡིན་པས། བདེ་ཐང་གི་ལུས་ཁམས་དེ་ཡོད་ཚེ་ད་གཟོད་འཇིག་རྟེན་གྱི་བྱ་གཞག་ཐམས་ཅད་ལག་ལེན་དུ་བསྟར་ཐུབ་པའི་བདེན་པ་ཡོད་པ་དང་། བདེ་ཐང་གི་ལུས་ཁམས་དེ་ཡོད་ཚེ་ད་གཟོད་བདེ་སྐྱིད་འཚོ་བཞུགས་ཀྱི་བདེན་པའང་ཡོད། བདེ་ཐང་གི་ལུས་ཁམས་ཤིག་མེད་ཚེ། ཅི་བྱེད་ཀྱི་རང་དབང་ལག་ཏུ་གནས་པ་ལྟ་བུ་ཞིག་མ་ཡིན་པས། སྐྱེ་བ་སྔོན་མར་ཚོགས་བསགས་སྒྲུབ་སྦྱོང་གི་དོན་བྱས་པ་མི་འདང་བར་འདོད་པའི་སྔོན་ལས་ལ་ལེ་བདའ་བྱེད་བཞིན་པའི་སྣང་ཚུལ་འདི་འདྲའང་འབྱུང་སྲིད་ངེས་རེད།
ཡང་བོད་མི་སྐོར་ཞིག་གིས། ལུས་ཁམས་ན་ཚས་བཟུང་བ་དེར་གོ་བ་ལོན་ཐུབ་ཀི་མེད་དེ། ལུས་ཁམས་ན་ཚས་བཟུང་བ་དེ་ནི་གཟུགས་མེད་ཀྱི་བྱེད་པོ་ཞིག་གིས་བསམ་གཟས་ནས་རང་ཉིད་ལ་གནོད་འཚེ་ཕྲག་དོག་བྱས་པར་འདོད་ཡོད་ཀྱང་། ལུས་ཁམས་ན་ཚས་གཟུར་བ་ནི་དེ་དག་དང་འབྲེལ་བ་གཏན་ནས་མེད་དེ། གཙོ་བོ་མི་གང་ཡིན་དེའི་ཟས་སྤྱོད་འཕྲོད་འབྱོར་གྱི་དབང་གིས་རླུང་མཁྲིས་བད་ཀན་གསུམ་ལས་སྡང་བའི་ཟུག་གཟེར་གྱི་བརྡ་འཕྲིན་ཕྱིར་བརྟས་པས། རླུང་ལས་གྱུར་བའི་ནད་དང་མཁྲིས་པ་ལས་གྱུར་བའི་ནད། བད་ཀན་ལས་གྱུར་བའི་ནད་སོགས་བྱུང་བ་དང་། དེ་བཞིན་དུ་མཆིན་ནད་དང་ཕོ་ནད། སྙིང་ནད་དང་གློ་ནད་སོགས་ནད་རིགས་བཞི་བརྒྱ་རྩ་བཞི་བྱུང་བ་རེད། ནད་རིགས་དུ་མས་གཙེས་པའི་ལུས་ཁམས་ནི་བདེ་ཐང་གི་ལུས་ཁམས་ཤིག་མིན་པས། ཐོག་མར་བདེ་ཐང་གི་ལུས་ཁམས་སློབ་གསོ་དེ་གཙོ་བོར་འཛིན་དགོས།བདེ་ཐང་གི་ལུས་ཁམས་ཤིག་ཆགས་འདོད་ན། ནད་རིགས་སྔོན་འགོག་གི་བྱ་བ་འཛིན་དགོས་ལ། ནད་རིགས་སྔོན་འགོག་བྱེད་འདོད་ན་ཟས་རིགས་འཕྲོད་མིན་ལ་གཟབ་དགོས། འདི་ནི་འཕྲོད་བསྟེན་ཕྱོགས་ཀྱི་ཆེས་སྤྱིར་བཏང་གི་ཤེས་བྱ་ཕྲན་བུ་ཞིག་ཡིན་ཡང་། གནས་ལུགས་ཆེན་པོ་འདུག
ད་དུང་ལུས་ཁམས་བདེ་ཐང་ཡོང་བའི་ཐབས་ཤེས་གཞན་ཞིག་ནི་ལུས་རྩལ་སྦྱོང་བརྡར་བྱ་རྒྱུ་དེ་ཡིན། ལུས་ཀྱི་རྩལ་སྦྱོང་ལ་བརྟེན་ནས་ལུས་སྟེང་གི་རྔུལ་ཆུ་ཕྱིར་བཏོན་ན། ལུས་ཁམས་དྭངས་ཤིང་ཟས་བཅུད་འཇུ་བའི་ཕན་པ་ཡོད་པས། རྒྱུན་དུ་ལུས་ཕུང་སྦྱོང་བརྡར་བྱ་རྒྱུའང་གོམས་པར་གྱིས་ཤིག དེ་བཞིན་དུ་ད་དུང་ལུས་ཁམས་བདེ་ཐང་ཡོང་དགོས་ན། གཙང་སྦྲ་ལའང་དོ་སྣང་བྱ་དགོས། ཁྱད་པར་དུ་གཞི་རིམ་ཞིང་འབྲོག་ས་ཁུལ་གྱི་གཙང་སྦྲ་ནི་ཆེས་ཞན་པའི་དུས་སྐབས་སུ་གནས་ཡོད་དེ། དཔེར་ན། བདག་གི་ཕ་ཡུལ་ནི་ཞིང་ཕྱུགས་ཀྱི་ལས་རིགས་གཉེར་བའི་རོང་མ་འབྲོག་གི་ས་ཆ་ཞིག་ཡིན་པས། གཙང་སྦྲའི་འདུ་ཤེས་ཧ་ཅང་ཞན་པ་རེད། ཕ་ཡུལ་མང་ཚོགས་ཀྱིས་དཔྱིད་ཚུགས་ནས་ཞིང་ལ་ལུད་སྨན་འཇོག་སྐབས་ལག་ཤུབས་ཙམ་ཡང་མི་གོན་པར་ལག་པས་རེག་པ་དང་། ལག་པ་མི་བཀྲུ་བར་ཟས་རིགས་ཁ་ལ་ཟ་བ། དེ་བཞིན་དུ་དབྱར་ཚེས་དུས་ཁ་ཐུམ་ཙམ་ཡང་མི་རྒྱག་པར་ཞིང་ལ་ཞིང་སྨན་གཏོར་བ། ཕྱུགས་རིགས་ལ་སྨན་ལྡུད་ནའང་དེ་ལྟར་བྱེད་ཅིང་ལག་པ་མི་བཀྲུ་བ་ཡིན། ད་དུང་ག་སར་ཁ་ལུད་འཕེན་པ་དང་གཅིན་སྐྱག་འདོར་བ་ནི་རྒྱུན་ལྡན་དུ་གྱུར་ཡོད་ལ། ལུང་ཕུང་ལ་གཙང་སྦྲ་མི་བྱེད་པར་ཚིལ་དྲེགས་མང་དུ་ཆགས་པ་ནི་བསོད་ ནམས་ཆེ་བའི་མངོན་རྟགས་སུ་བཤད། འདི་དག་ནི་ཚན་རིག་དང་མཐུན་པའི་ལུས་ཁམས་བདེ་ཐང་གི་སློབ་གསོ་མིན་པས། བྱིས་པའི་ཆེས་ཐོག་མའི་དགེ་རྒན་དང་ཚེ་གང་གི་གྲོགས་པོ་སྟེ། ཕ་མ་བཟང་བོ་རྣམས་ཀྱིས་བྱིས་པའི་ལུས་ཁམས་བདེ་ཐང་གི་གོམས་གཤིས་བཟང་བོ་ཞིག་ཀྱང་ཆགས་སུ་འཇུག་དགོས། དེ་ལྟར་བྱས་ཏེ་བྱིས་པར་བདེ་ཐང་གི་ལུས་ཁམས་ཤིག་ཆགས་ཚེ། ད་གཟོད་སློབ་སྦྱོང་དང་ལས་ཀ་གང་ཡིན་ཡང་ལེགས་འགྲུབ་ཡོང་བའི་བདེན་པ་ཡོད།
2.བདེ་ཐང་གི་སེམས་ཁམས།
བདེ་ཐང་གི་སེམས་ཁམས་ནི་བྱིས་པ་འཚར་ལོངས་འབྱུང་བའི་བརྒྱུད་རིམ་ཁྲོད་ཀྱི་བསམ་པའི་འཚོ་བཅུད་ཡིན་ལ། བདེ་ཐང་གི་སེམས་ཁམས་ནི་བྱིས་པ་རྣམས་མ་འོངས་པར་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་མིན་གྱི་ཟམ་ཆེན་ཡིན། བདེ་ཐང་གི་སེམས་ཁམས་ནི་བྱིས་པ་ཚོ་ལམ་ལྷོང་ཡོང་བའི་དེད་དཔོན་ཡིན་ལ། བདེ་ཐང་གི་སེམས་ཁམས་ནི་བྱིས་པ་རྣམས་མི་ཚེ་རིང་བོར་འཚོ་བཞུགས་བྱེད་པའི་གྲོགས་དན་ཡང་ཡིན།
དེ་ཡང་རང་རེའི་བོད་ཀྱི་བཤད་ཚུལ་ལ། “སེམས་ཀྱིས་མ་རིག་ན་མིག་གིས་མི་རིག”ཟེར་སྲོལ་ཞིག་ཡོད་པ་འདིར་གནས་ལུགས་ཆེན་པོ་འདུག ཁྱིམ་གྱི་དངོས་པོ་གང་རུང་ཞིག་འཚོལ་བའི་དབང་དུ་བཏང་ན། དངོས་པོ་དེར་སྲོག་ཐོགས་པ་ཅི་བཞིན་བཙལ་ཀྱང་མི་རྙེད་པའི་གནས་ཚུལ་འདི་འདྲ་ཁྱོད་རང་དང་། ཡང་ན་ཁྱོད་ཀྱི་ཉེ་མི་དག་ལའང་བྱུང་ཡོད་ལས་ཆེ། དེ་ནི་དངོས་པོ་དེར་སྲོག་ཐོགས་ཏེ་ག་ཅིག་ཏུ་བཞའ་ནས་སྡོད་པའི་དཔེ་མི་སྲིད་ཀྱང་། གཙོ་བོ་མི་དེའི་སེམས་ཁམས་བདེ་ཐང་མིན་པའི་གནས་ཚུལ་འོག་མིག་དབང་གིས་དངོས་པོདེ་མཐོང་ཡོད་ནའང་སེམས་ཀྱི་རྒྱལ་མོས་མིག་ཤེས་ལ་རམ་འདེགས་མ་བྱས་པར་བརྟེན། སེམས་ཀྱིས་མ་རིག་ན་མིག་གིས་མི་རིག་པ་ལྟ་བུའི་གནས་ཚུལ་འདི་བྱུང་བ་རེད།
“སེམས་ཀྱིས་མ་རིག་ན་མིག་གིས་མི་རིག”ཟེར་བའི་ཚིག་ཟུར་ལ་དཔྱད་ན། ལུས་ཁམས་ ན་གནས་པའི་དབང་བོའི་སྒོ་རེ་རེ་ནི་སེམས་ཁམས་ཀྱི་མེ་ལོང་རེ་རེ་ཡིན་པ་དང་། དེ་དག་ གི་དབང་རྩ་ཐམས་ཅད་སེམས་ཁམས་དང་འབྲེལ་ཡོད་པས། དབང་བོའི་སྒོ་རེ་རེ་ནས་བརྒྱུད་འོང་བའི་ཚོར་ཤེས་མཐའ་དག་བདེ་ཐང་གི་སེམས་ཁམས་ཀྱིས་དབྱེ་འབྱེད་དང་ཞིབ་བཤེར། བརྡར་ཤ་སོགས་བཅད་ན་ད་གཟོད་རེག་བྱའི་འཇམ་རྩུབ་དང་རོ་ཞིམ་མིན། སྒྲ་སྙན་མིན། གཟུགས་སྡུག་མིན། དྲི་ཞིམ་མིན་སོགས་ཤེས་ཡོང་གི་རེད། དེར་མ་ཟད་སེམས་ཁམས་བདེ་ཐང་མིན་པའི་མིས་རེག་བྱའི་འཇམ་རྩུབ་སོགས་མྱོང་མི་ཐུབ་ལ་རྟོགས་ཀྱང་མི་སྲིད་པའི་གནས་ལུགས་འདི་ངེས་པར་དུ་ཤེས་དགོས་པ་ཡིན། དེ་བཞིན་དུ་བྱ་བ་ཅི་དང་གང་ལས་ནའང་བདེ་ཐང་གི་སེམས་ཁམས་ནི་བྱ་བ་དེ་ལེགས་འགྲུབ་ཡོང་མིན་གྱི་རྨང་གཞི་ཡིན་པའང་ཞོར་ལ་བཤད་པར་འདོད།
གོང་གསལ་གནས་ལུགས་དང་རིགས་བསྒྲེས་ནས་དཔེ་ཙམ་བླངས་ན། ངས་ཁྲིད་མྱོང་བའི་འཛིན་གྲྭའི་ནང་རིག་འཛིན་ཟེར་བའི་སློབ་མ་ཞིག་ཡོད། སློབ་སྦྱོང་སོགས་གང་ཅིའི་ཐད་ནས་བལྟས་ཀྱང་འཛིན་གྲྭའི་དཀྱིལ་ན་གནས། ཉིན་ཞིག་གི་སློབ་ཁྲིད་སྐབས་སུ། ངས་སྒོ་སམ་བརྒྱུད་ནས་ཤེས་བྱ་གང་མང་ཞིག་ཁྲིད་རྗེས་ཧ་ལམ་སྐར་མ་ཉི་ཤུ་ལྷག་འདས་སོང་། འོན་ཀྱང་སློབ་གྲོགས་རིག་འཛིན་གྱིས་སྐད་ཡིག་གི་དཔེ་ཆ་ཁོའི་ཅོག་ཙེའི་མདུན་ཐད་དུ་བཞག་ཡོད་ནའང་། གཡོན་ལག་གིས་འགྲམ་པ་སྐྱོར་ཞིང་མིག་ཟུང་གཡོ་བ་མེད་པར་སྒོ་སམ་ལ་ཅེར་འདུག སྐབས་དེར་ངའི་སེམས་ལ་ཁོས་ད་དུང་སྒོ་སམ་སྟེང་གི་གནད་དོན་ཞིག་ལ་འདང་མ་ཕོགས་པའམ། ཡང་ན་དེ་རིང་གི་ཤེས་བྱ་གང་ཞིག་ལ་བསམ་གཞིགས་བྱེད་ཀྱིན་ཡོད་ལས་ཆེ་སྙམ་ནས་ཁ་ཡ་དེ་འདྲ་མ་བྱས་པ་ཡིན། དེ་ལྟར་དུས་ཡུན་ངེས་ཅན་ཞིག་འདས་ནའང་ཁོ་རང་སྔར་བཞིན་འགུལ་མེད་དུ་གནས་པའི་བཟོ་ལྟ་དེས་ང་རང་ཁོའི་མདུན་དུ་དྲངས་ཤིང་། “ཁྱོད་ཀྱིས་ཅི་ཞིག་ལ་འདང་རྒྱག་གི་ཡོད”ཅེས་དྲན་སློང་བྱ་དགོས་པ་བྱུང་། ཁོ་གློ་བུར་དུ་གཉིད་ལས་སད་པ་ནང་བཞིན་ཡར་མར་ལ་བལྟ་ཞིང་ལྕེ་བསྣར་བྱེད་པ་དང་བཅས་མགོ་བོ་དང་ཀར་སྨད་སོང་། མ་གཞི་ཁོས་སྒོ་སམ་སྟེང་གི་གནད་དོན་ལ་འདང་མ་ཕོགས་པར་བསམ་གཞིགས་ཀྱི་ཀློང་དུ་ཞུགས་པ་མ་ཡིན་གྱི། ཁོ་རང་སློབ་ཁྲིད་ཀྱི་སྐབས་སུ་ གཉིད་དུ་ཡུར་འདུག་པ་དེ་རེད། དེ་ནས་ངས་ད་སྔོན་ཁྲིད་པའི་སྒོ་སམ་སྟེང་གི་མིང་ཚིག་ གཅིག་གི་ནང་དོན་དྲིས་པ་ན་ཁོས་ཅི་ཡང་ཤེས་མི་འདུག རྗེས་སུ་ཤེས་པ་ཡིན་ན། ཁོ་དང་ སློབ་གྲོགས་སྐོར་ཞིག་མདང་ནུབ་གསང་སྟབས་ཀྱིས་བརྙན་འཕྲིན་ལ་བལྟ་རུ་སོང་ཞིང་གཉིད་ཆགས་པ་དང་བསྟུན་ནས་སློབ་ཁྲིད་ཀྱི་སྐབས་སུ་གཉིད་སོང་བ་དེ་རེད། གཉིད་ལོག་པའི་སྐབས་ཀྱི་མིག་དབང་སོགས་ལ་ཤེས་པ་མི་ལྡན་པས། དགེ་རྒན་དང་ཕ་མ་སོགས་ཀྱིས་ཅི་འདྲ་བཤད་ཀྱང་གང་འདྲ་བསྟན་རུང་། རིག་མི་ཐུབ་ཅིང་ཐོས་པར་མི་འགྱུར་བས། ངེས་པར་དུ་བདེ་ཐང་གི་སེམས་ཁམས་ཆགས་པར་ཡིད་གཟབ་གང་ལེགས་བྱ་དགོས།
སློབ་གྲོགས་རིག་འཛིན་གྱི་གནད་དོན་འདིའི་སྟེང་ནས་ཀྱང་སེམས་ཁམས་བདེ་ཐང་མིན་པའི་མིས་དོན་དག་གང་ཡང་མི་འགྲུབ་པའི་གནས་ལུགས་བཤད་ཡོད་ནའང་། སེམས་ཁམས་བདེ་ཐང་ཡིན་མིན་དེ་མིའི་ངོ་གདོང་ལ་བལྟས་པ་ཙམ་གྱིས་མཐོང་ནུས་པ་མ་ཡིན་པར། དེ་ནི་ལྐོག་ཏུ་གྱུར་བའི་གནད་དོན་ཞིག་རེད། སེམས་ཁམས་བདེ་ཐང་གི་མཚན་གཞི་གང་འདྲ་ཞིག་ཡིན་ཟེར་ན། དེ་ནི་དབང་བོ་ལྔའི་སྒོ་ནས་བཤད་ན། མིག་གིས་བལྟས་མ་ཐག་ནས་མཐོང་འགྱུར་བ། ལག་པས་རེག་མ་ཐག་ནས་ཚོར་འགྱུར་བ། རྣ་ཡིས་ཉན་མ་ཐག་ནས་ཐོས་འགྱུར་བ། སྣ་ཡིས་བསྣམས་མ་ཐག་ནས་སྣོམ་འགྱུར་བ། ལྕེ་ཡིས་མྱངས་མ་ཐག་ ནས་ཤེས་འགྱུར་བ་སོགས་ཀྱི་ཁྱད་ཆོས་ཡོད། འདི་དག་ཐམས་ཅད་བདེ་ཐང་གི་སེམས་ཁམས་དེས་དབང་བྱས་པའམ་བཀོད་འདོམས་བྱས་པར་བརྟེན། ད་གཟོད་མཐོང་བ་དང་ཐོས་པར་གྱུར་བ་རེད། བདེ་ཐང་གི་སེམས་ཁམས་དེ་མ་ཆགས་ན་སློབ་གྲོགས་རིག་འཛིན་ གཉིད་ལོག་ནས་སློབ་ཁྲིད་ལ་ཉན་པ་ལྟར་རེད་པས། དེ་ཡིས་གང་ཡང་ཤེས་མི་འགྱུར་ལ། སེམས་ནང་དུའང་ཅི་ཡང་མེད་པ་ལྟ་བུ་རེད།
བདེ་ཐང་མིན་པའི་སེམས་ཁམས་ནི་གཉིད་ལོག་སྐབས་ཀྱི་དེ་མཚུངས་ཀྱི་དབང་བོ་དག་དང་འདྲ་སྟེ། གཉིད་ལོག་པའི་སྐབས་སུ་སེམས་ཁམས་ངལ་གསོས་ཡོད་པས། མིག་ལ་གཟུགས་བསྟར་ན་འདྲ། སྣ་ལ་དྲི་བཏུགས་ནའང་འདྲ། རྣ་ལ་སྒྲ་བསྒྲགས་ན་འདྲ། ཁ་ལ་ཟས་བཞག་ནའང་འདྲ། གང་ལྟར་ཀྱང་སེམས་ཁམས་ཀྱིས་དེ་དག་གི་སྒོ་རེ་རེར་བཀོད་འདོམས་བྱེད་ཀི་མེད་པས་སྒྲ་སྙན་མིན་དང་རོ་ཞིམ་མིན། གཟུགས་མཛེས་མིན། རེག་བྱ་འཇམ་མིན་སོགས་ཀྱི་དབྱེ་བ་རྩ་བ་ནས་ཤེས་མི་སྲིད་པ་རེད། དེ་བས། བདེ་ཐང་མིན་པའི་སེམས་ཁམས་ ནི་ཕྱི་རྐྱེན་དང་ནང་རྐྱེན་གྱི་དབང་གིས་མིའི་སེམས་ཁམས་ལ་འགལ་རྐྱེན་བཟོས་པ་ནས་བྱུངབ་ཤ་སྟག་རེད། དཔེར་ན། སློབ་གྲོགས་རིག་འཛིན་གྱིས་སློབ་ཁྲིད་ལ་ཉན་སྐབས་བདེ་ཐང་མིན་པའི་སེམས་ཁམས་ཆགས་པ་ནི་མདང་ནུབ་ལུས་ཁམས་ངལ་གསོ་བའི་དུས་ཚོད་འགོར་འགྱངས་བཟོས་པ་དེས་བདེ་ཐང་གི་སེམས་ཁམས་མ་ཆགས་པ་གསལ་བཤད་བྱས་ལ། དེ་ལྟ་ན་ཕྱི་རྐྱེན་ཏེ་བདེ་ཐང་གི་ལུས་ཁམས་མ་ཆགས་པ་དེས་དབང་བྱས་ཏེ། ནང་རྐྱེན་ཏེ། བདེ་ཐང་གི་སེམས་ཁམས་ལ་འགལ་རྐྱེན་བཟོས་ནས་སློབ་ཁྲིད་ཀྱི་སྐབས་སུ་གཉིད་དུ་ཡུར་བ་དང་། དེའི་དབང་གིས་ཤེས་པར་བྱ་བའི་གནས་གང་མང་ཞིག་སློབ་མ་བཏུབ་ལ། དེ་བཞིན་རྒྱུགས་འབྲས་སོགས་ལའང་རང་བཞིན་གྱིས་གནོད་པ་མི་ཉུང་བ་བཟོས་སོང་བས། མིའི་འཚོ་གནས་དང་མདུན་ལམ་སོགས་ལའང་འགལ་རྐྱེན་རབས་དང་རིམ་པ་ཞིག་ཐེབས་འགྲོ་བ་མ་ཡིན་ནམ།
དེ་བས། སློབ་གྲོགས་རིག་འཛིན་ལྟ་བུའི་མི་འཇིག་རྟེན་ན་ཤིན་ཏུ་མང་སྟེ། ལུས་ཁམས་སྙོམ་སྒྲིག་གི་ཐབས་ལ་དོ་སྣང་མ་བྱས་པས། ནད་རིགས་སྣ་ཚོགས་བྱུང་བ་གཟུགས་མེད་བྱེད་པོ་དང་སྔོན་ལས་ཀྱིས་བསྐྱེད་པར་འདོད་ནས། སེམས་ཁམས་ཀྱི་ནུས་པ་བག་ལ་ཞ་རུ་བཅུག་སྟེ། དཔྱོད་ཤེས་དང་དོགས་སློང་ཙམ་ཡང་མེད་པར་གྱུར་འདུག འདི་དག་ནི་མཁྲིས་ནད་ཅན་ལ་དུང་དཀར་སེར་སྣང་ལྟ་བུ་སྟེ། བདེ་ཐང་མིན་པའི་སེམས་ཁམས་ཆགས་པའི་སྐབས་ཀྱི་འཕྲུལ་ཤེས་ལྟ་བུ་ཡིན་པས། བྱ་དངོས་ཀྱི་ཡང་དག་པའི་ངོ་བོ་གཞར་ཡང་མཐོང་མ་ཐུབ་པ་དེ་འདྲའོ། །
མདོར་བསྡུས་ཏེ་བཤད་ན། ལུས་པོའི་བདེ་ཐང་གིས་མིའི་བདེ་ཐང་ཧྲིལ་བོའི་བརྒྱ་ ཆའི་ལྔ་བཅུ་ཟིན་ཡོད་ལ། སེམས་ཁམས་བདེ་ཐང་གིས་མིའི་བདེ་ཐང་གི་བརྒྱ་ཆའི་ལྔ་བཅུ་ ཟིན་པས། ལུས་སེམས་བདེ་ཐང་གི་བརྒྱ་ཆའི་བརྒྱ་ནི་མིའི་རིགས་ལ་མཚོན་ན། མི་ཚེ་ཧྲིལ་བོའི་བདེ་སྐྱིད་འཚོ་བཞུགས་ཀྱི་བརྒྱ་ཆའི་བརྒྱ་ལ་ཐོན་འདུག་པ་མ་ཡིན་ནམ། དེ་བས། ལུས་ཁམས་བདེ་ཐང་ཡིན་ཚེ་ཡོད་ཚད་བདེ་ཐང་ཡིན་པའི་ལྟ་ཚུལ་དང་འདོད་ཚུལ་ནི་ནོར་འཁྲུལ་ལོ་ཞེས་ཀྱང་བརྗོད་འདོད་དོ། །