logo

ཕ་མ་བཟང་བོས་མི་ཆོས་བདེན་ལུགས་སྟོན།

རྩོམ་པ་པོ།:ནོར་བུ་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-14 ཀློག་གྲངས།:

  ཁ།  འཆི་གསོན་བར་གྱི་བདེན་པ།
  སྐྱེས་དངོས་ཐམས་ཅད་ལ་ཚེ་སྲོག་ཡོད་ན་འཆི་བ་ཡོད་ལ། འཆི་བ་ནི་མི་མཐོ་དམན་ དང་དྲག་ཞན་སུས་ཀྱང་བརྒྱུད་དགོས་པའི་རང་བྱུང་ཆོས་ཉིད་ཅིག་ཡིན་པས། བྱིས་པའི་ལྟེ་བ་མ་དང་བྲལ་ནས་ཨ་སྒྲ་དང་པོར་འབྱིན་པའི་སྐབས་དེ་ནས་འགོ་བརྩམས་ཏེ། འཆི་བའི་ཕྱོགས་ལ་འདུར་རྒྱུག་གི་གོམ་པ་དང་པོའང་སྤོས་ཟིན་པ་ཡིན། འོན་ཀྱང་། ནམ་འཆི་ལ་ངེས་པ་མེད་དེ། དཔེར་ན། ད་ལྟ་རང་ཅག་རྣམས་ཧ་ཧ་དང་ཧོ་ཧོ་ཡི་དགོད་སྒྲའི་ཁྲོད་སྐྱིད་ཉམས་དང་བཅས་གསོན་ཡོད་ཀྱང་། སང་ཞོགས་འཆི་བ་ཐོན་ཏེ་དབུགས་འགྱུ་ཆད་འགྲོ་ཡང་སྲིད། དེ་བས། དུས་ཚོད་ནི་འཆི་གསོན་བར་གྱི་བདེན་པ་ཉག་གཅིག་ཡིན་པས། རང་ཉིད་གསོན་ པོར་གནས་པའི་དུས་སྐབས་འདིར། རང་གི་མི་ཚེ་དོན་ཡོད་དང་འཚོ་བ་དོན་ལྡན་ཞིག་བྱ་ ཕྱིར། འཆི་གསོན་བར་གྱི་ཆེས་རིན་ཐང་ལྡན་པའི“དུས་ཚོད”འདི་དམ་འཛིན་བྱ་དགོས།
  གཟིགས་དང་། མི་ཚོགས་ཀྱི་རྒྱ་མཚོའི་ཁྲོད་དུ་མཁས་པ་དང་བླུན་པོ། དཔོན་པོ་དང་གླ་བ། ཕྱུག་པོ་དང་དབུལ་བོ། སྔོན་ཐོན་དང་རྗེས་ལུས་སོགས་ཇི་སྙད་ཅིག་ཡོད་པའང་གཙོ་བོ་འཆི་གསོན་བར་གྱི་དུས་ཚོད་དམ་འཛིན་བྱས་མིན་ལས་བྱུང་བ་ཤ་སྟག་ཡིན། དཔེ་ཞིག་བཀོད་དེ་བཤད་ན། ལྕམ་མོ་ཅི་ལེ(居里夫人)ནི་དུས་ཚོད་དམ་འཛིན་བྱེད་མཁན་ཞིག་ཡིན། ཁོ་མོས་རང་ཁྱིམ་དུ་མགྲོན་པོ་ཡོང་ནས་དགོས་མེད་ཀྱི་གཏམ་གླེང་གིས་མོའི་གསེར་ལས་ལྷག་པའི་དུས་ཚོད་བརླག་འགྲོ་བར་དམིགས་ནས་སྐུབས་སྟེགས་ལྷག་མ་གཅིག་ཀྱང་མི་འཇོག་པ་རེད། དེ་ལྟར་དུས་ཚོད་དམ་འཛིན་བྱས་ནས་ལོ་ངོ་བརྒྱད་འགོར་རྗེས། གསར་གཏོད་རིགས་མི་འདྲ་བ་གཉིས་བྱས་ཤིང་། འཛམ་གླིང་ན་དཀོན་པའི་དངོས་ལུགས་དང་རྫས་འགྱུར་རིག་པའི་ནོ་འབེར་བྱ་དགའ་དེ་ཁོ་མོ་ལ་དབང་བར་བྱས། དེ་བས། གོ་ལ་ཟླུམ་པོའི་སྟེང་གི་མཁས་བླུན་དང་། དཔོན་གླ། དབུལ་ཕྱུག་དང་། སྔོན་རྗེས་སོགས་ཀྱི་ཁྱད་པར་ཡོད་པའང་། གཙོ་བོ་རང་གི་ཕུགས་བསམ་གྱི་དོན་དུ་དུས་ཚོད་དམ་འཛིན་སྒོས་འབད་པར་བྱ་བའི་གནས་གང་ཡིན་དེར་ཧུར་བརྩོན་བྱས་མིན་ལས་བྱུང་བ་གདོན་མི་ཟ་སྟེ། འཆི་གསོན་གྱི་བར་དུ་དུས་ཚོད་དམ་འཛིན་སྒོས་འབད་པར་བྱ་བའི་གནས་གང་ཡིན་དེར་ཧུར་བརྩོན་སོགས་བྱེད་མཁན་རྣམས་ཕྱིས་སུ་མཁས་པ་དང་དཔོན་པོ་དང་ཕྱུག་པོ་དང་སྔོན་ཐོན་སོགས་སུ་གྱུར་བ་དང་། དུས་ཚོད་སྣང་མེད་ངང་གང་ལའང་ཧུར་བརྩོན་མི་བྱེད་པར་རྣམ་གཡེང་དང་དོན་མེད་སྤྲོ་སྐྱིད་གཏོང་མཁན་རྣམས་རང་བཞིན་གྱིས་བླུན་པོ་དང་གླ་བ། དབུལ་བོ་དང་རྗེས་ལུས་སོགས་སུ་གྱུར།
  འོ་ན། འཆི་གསོན་གྱི་བར་དུ་དུས་ཚོད་དམ་འཛིན་སྒོས་སློབ་སྦྱོང་བྱེད་མཁན་ཡོངས་རྫོགས་མཁས་པ་སོགས་སུ་འགྱུར་རམ་ཞེ་ན། དེར་ཡང་མ་ངེས་ཏེ། གཙོ་བོ་རང་གི་ཕུགས་བསམ་གང་ཡིན་དེ་ཡང་དག་ཡིན་མིན་དང་། རང་གི་མདུན་ལམ་དང་དགའ་ཕྱོགས་ལ་འབྲེལ་བ་ཡོད་མེད་ལ་བལྟ་དགོས། དཔེར་ན། རང་ཉིད་ཀྱི་ཕུགས་བསམ་ནང་ཚན་རིག་ལ་མཁས་པའི་ཤེས་ལྡན་པ་ཞིག་དྲན་ཡོད་ཀྱང་། ལག་ལེན་དུ་བསྟར་བྱའི་ནང་དོན་ལྡོག་སྟེ་འདུས་བྱས་མི་རྟག་གི་དོན་དག་ཡིན་ན། 《ས་སྐྱའི་ལེགས་བཤད》ལས། “ས་བོན་མེ་ཡིས་ ཚིགས་པ་ཡི། །མྱུ་གུ་སྔོན་པོ་ཅི་བཞིན་ནོ། །”ཞེས་གསུངས་པ་མ་ཡིན་ནམ། དེ་བས་ས་པཎ་གྱི་ གསུང་ལྟར། “ཡོད་ཚད་རྟོགས་ན་མཁས་པ་ལོས་ཡིན་ཀྱང་། །སྣ་གཅིག་ཤེས་ན་དེར་ཡང་མཁས་ཞེས་བྱ། །”ཞེས་པ་བཞིན། སྣ་མང་ཤེས་པའི་མཁས་པ་ཆེན་པོ(བོད་རང་ཡུལ་ན་ཐམས་ཅད་མཁྱེན་པ་ཞེས་པའི་མིང་ཚིག་ཡོད་ཀྱང་། ཐམས་ཅད་མཁྱེན་མིན་ལ་ཐེ་ཚོམ་དང་དོགས་པ་ཡོད་པས། སྣ་མང་ཤེས་པའི་མཁས་པ་ཆེན་པོ་ ཞེས་མིང་བཏགས་པ་ཡིན)ཞིག་ཏུ་འགྱུར་རྒྱུ་ནི་ཤིན་ཏུ་དཀའ་ཡང་། སྣ་གཅིག་ཤེས་འདོད་ཀྱི་ཀུན་སློང་བཟང་བོ་དང་ལྡན་པར་གྱུར་ཚེ། དེ་དང་འབྲེལ་བ་ཡོད་པའི་ཤེས་བྱའི་གནས་ལ་དུས་ཚོད་དམ་འཛིན་སྒོས་སློབ་སྦྱོང་བྱས་ན། མཁས་པར་མི་འགྱུར་བ་ཅི་ལ་སྲིད། སྣ་མང་ཤེས་པའི་མཁས་དབང་རྣམས་ཀྱང་། ཐོག་མར་སྣ་གཅིག་དང་། དེ་ནས་སྣ་གཉིས་ནས་གསུམ་སོགས་སུ་ཇེ་མང་དུ་བཏང་སྟེ་སློབ་སྦྱོང་བྱས་པ་ཡིན་གྱི། དེ་ལས་ལྡོག་སྟེ། སྐྱེ་མ་ཐག་ནས་ མཁས་པ་ཡིན་པ་དང་བསླབ་མ་ཐག་ནས་ཡོད་ཚད་ཤེས་པའི་མཁས་པ་ཞིག་གླིང་ན་མི་སྲིད་པའི་ཕྱིར་རོ། །
  དེས་ན། མཁས་པར་འདོད་པའི་མི་རྣམས་ཀྱིས་གནས་གང་ལ་ཚུལ་ཇི་ལྟར་བསླབ་དགོས་ཤེ་ན། འདི་ལྟར་ཡིན་ཏེ། རང་ཉིད་དང་རང་གི་མི་རིགས། ཡང་ན་འགྲོ་བ་མིའི་རིགས་ལ་སྨན་པའི་རིག་གནས་ཤིག་ཡིན་ན་བསླབ་པར་བྱ་སྟེ། གནོད་པ་མེད་པའི་ཤེས་བྱ་ཡིན་པའི་ཕྱིར་རོ། །ཚུལ་ཇི་ལྟར་ཞེ་ན། “ཚེ་སྲོག་མ་འཇིག་བར་དུ་བརྩོན་པ་ལྷོད་པར་མི་བྱ”(生命不息,奋斗不止。)ཞེས་དང་། “རིག་པ་ནང་བར་འཆི་ཡང་བསླབ”ཅེས་པའི་ཉམས་ལེན་ལྟར་རྒྱུན་ཆད་མེད་པར་བསླབ་བྱའི་གནས་གང་ཡིན་དེའི་ཤེས་བྱ་བསྡུ་ལེན་དང་གསོག་འཇོག དཔྱོད་ཤེས་བཅས་ཡུན་རིང་བྱས་ཚེ། ནམ་ཞིག་མཁས་བར་འདོད་པའི་བསམ་དོན་གྱི་རི་མོ་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །
  འོ་ན། མཁས་པར་གྱུར་བ་ཙམ་གྱིས་མི་ཚེ་དོན་ཡོད་དང་འཚོ་བ་དོན་ལྡན་ཡིན་ནམ་ཞེས་ན། དེར་ནི་མ་ངེས་ཏེ། མི་བུ་ཅོག་གི་རིག་གནས་འདི་གཞན་དོན་བསམ་པའི་རིག་གནས་ཤིག་ཡིན་ཕྱིར། མཁས་པའི་གོ་འཕང་ཐོབ་ཡོད་ཀྱང་གཞན་དོན་བསམ་པ་མེད་ན་ནི་འཆི་གསོན་བར་གྱི་ཆེས་རིན་ཐང་ལྡན་པའི་དུས་ཚོད་ཆུད་ཟོས་སུ་བཏང་པ་ལས་མ་འདས། དེ་བས། ཐོག་མར་གཞན་དོན་བསྒྲུབ་པར་བྱ་སྟེ། དེ་ལ་དང་པོ་རང་གི་རྩ་བའི་མ་ལ་བསྒྲུབ་ པ་དང་། དེ་ནས་རང་གི་ཕ། དེ་ནས་སྤུན་ཟླ། དེ་ནས་གྲོགས་དགའ་མཛའ། དེ་ནས་རང་གི་ཕ་ སྐོར། དེ་ནས་རང་གི་མ་སྐོར། དེ་ནས་རིམ་གྱིས་ཚོ་བ་དང་སྡེ་བ་དང་མི་རིགས་དང་རྒྱལ་ཁབ་དང་འགྲོ་བ་ཡོངས་སོགས་ལ་རིམ་གྱིས་མ་བསྒྲུབས་ན་གོ་ཡུལ་གཤིས་འབྱམས་སུ་འགྲོ་བས་རིམ་གྱིས་བསྒྲུབ་པ་གལ་ཆེ། དེ་ལྟར་རིམ་པར་བསྒྲུབ་པའི་རིམ་པ་ཇི་ལྟར་མང་ན་རང་གི་མི་ཚེ་དེ་ལྟར་དོན་ཡོད་དང་རང་ཉིད་ཀྱི་འཚོ་བ་དེ་ལྟར་དོན་ལྡན་ཡིན། དེ་ལས་ལྡོག་སྟེ་མཁས་པའི་མིང་ཙམ་བླངས་པ་དེར་བློ་ཡིད་ཚིམས་ནས་བསྡད་ཚེ། མཁས་མིང་བླངས་པ་དེར་དོན་གོ་ཤིན་ཏུ་ཆུང་འདུག་པས། འཆི་གསོན་གྱི་བར་དུ་དུས་ཚོད་དམ་འཛིན་སྒོས་གཞན་དོན་སྒྲུབ་པ་དེ་ཡང་ཆེས་རྩ་བར་གྱུར་བ་དང་། ཆེས་གལ་འགངས་ཆེ་བའི་བྱ་གཞག་ ཅིག་ཡིན།
  དེ་བས། འཆི་གསོན་གྱི་བར་དུ་ཆེས་རིན་ཐང་ལྡན་པའི་བདེན་པ་ནི་དུས་ཚོད་ཡིན་པས། ཕ་མ་བཟང་བོ་ཚོས་རང་གི་བྱིས་པར་འཆི་གསོན་བར་གྱི་བདེན་པ་འདི་ལེགས་པར་བཤད་དེ། བྱིས་པ་གང་ལ་དགའ་ཕྱོགས་ཡོད་ན་དེའི་ཐད་ལ་མ་མཐར་ཡང་དུས་ཚོད་དམ་འཛིན་གྱི་འདུ་ཤེས་ཆགས་སུ་འཇུག་རྒྱུ་ནི་འཇིག་རྟེན་ཐུན་མོང་གི་རྩ་བའི་ཤེས་བྱ་ཡིན་པས། བྱིས་པར་ཆུང་དུས་ནས་གོམས་གཤིས་བཟང་བོ་འདི་ཆགས་སུ་བཅུག་ན་ཅི་མ་རུང་སྙམ་པའང་རྟག་ཏུ་འབྱུང་ངོ་། །

འབྲེལ་ཡོད་འོས་སྦྱོར།