ཕ་མ་བཟང་བོས་མི་ཆོས་བདེན་ལུགས་སྟོན།
ང་། འཚོ་གནས་ཀྱི་བདེན་པ།
དེང་སྐབས་འཛམ་གླིང་གི་ཡུལ་གྲུ་སོ་སོར“མི་ཉིད་གཙོ་གཞི”(以人为本)ཞེས་པའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད་པ་དེའི་ཀློང་ན་འཇིག་རྟེན་པའི་མིའི་འཚོ་གནས་ལ་སེམས་ཁུར་བྱ་དགོས་པའི་གནས་ལུགས་བརྗོད་ཡོད་པས། ཕ་མ་བཟང་བོས་མི་ཉིད་དེ། བྱིས་པ་ཉིད་གཙོ་གཞིར་བཞག་ནས་ལྷ་འདྲེ་གདོན་བགེགས་ཕལ་བར་འཇོག་དགོས།
འོན་ཀྱང་འུ་ཅག་གི་སྲོལ་རྒྱུན་དུ། ལྷ་འདྲེ་གདོན་བགེགས་ཕལ་བར་འཇོག་དགོས་ཞེས་བཤད་ཚེ། འཇིག་རྟེན་གོ་ལྡོག་གི་འདུ་ཤེས་ཤིག་དང་། ཡང་ན་དེ་སྔོན་གྱི“རིག་གསར”ལྟ་བུའི་རླུང་འཚུབ་ཅིག་མིག་ལམ་དུ་འཆར་ཡོང་བར་མ་ཟད། ད་དུང་དེ་ལྟར་བཤད་མཁན་ རྣམས་ནི“ལྟ་ལོག”དང“ཕྱི་རོལ་བ”ཁོ་ནར་བལྟ་བ་རེད། ལྷ་འདྲེ་ཡོད་མེད་སུས་ཀྱང་མ་ མཐོང་བ་ཡིན་ཡང་། དེར་ཇི་སྐད་དུ“མ་མཐོང་ཕྱིར་ན་མེད་པ་མིན”ཞེས་ཡོད་པར་བསྒྲུབ་ གང་ཐུབ་བྱེད་རྒྱུ་ནི་བོད་པ་ཚོའི་རང་གཤིས་སུ་གྲུབ་ཅིང་། རིག་གནས་ཤིག་གི་རྒྱབ་ལྗོངས་སུ་འགོད་ཅི་ཐུབ་བྱེད་རྒྱུའང་བོད་པ་ཚོའི་གཤིས་ལུགས་སུ་གྲུབ་ཡོད་པ་རེད། དེ་དང་མཉམ་དུ་བྱིས་པའི་ཁྱིམ་བདག་སྐོར་ཞིག་ལའང་དེའི་སྐོར་གྱི་དྲན་ཕྱོགས་ཡོད་པས། བྱིས་པ་སྐོར་ཞིག་གི་མི་གཞི་དང་འབྱུང་སྤུས། བསམ་གཞིགས་དང་དོགས་སློང་། བདེན་སྐྱོང་དང་འཚོ་གནས། རང་དབང་དང་སྙིང་སྟོབས་སོགས་ཀྱང་རིམ་གྱིས་བག་ལ་ཞ་རུ་བཅུག་པར་བརྟེན། སློབ་གསོ་གཏོང་མཁན་གྱི་དགེ་རྒན་རྣམས་ལ་དཀའ་ལས་མི་ཉུང་བ་བཟོས་དང་བཟོ་བཞིན་ཡོད་པར་མ་ཟད། བོད་ཀྱི་སློབ་གསོ་སྤྱི་ལའང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་རེད།
སྤྱིར་བཏང་དུ་ང་ཚོ་རྣམས་རང་ཉིད་ཀྱི་ཡ་ཐོད་དུ་ཐོགས་པའི་མིག་ཟུང་སོགས་སྒོ་ཀུན་ལ་ཡིད་ཆེས་ཡོད་དགོས་ཀྱང་། དྲན་ཤེས་འཁྲལ་འཁྲུལ་གྱི་རྣམ་རྟོག་ལས་འཕོས་པའི་འཕྲུལ་སྣང་གི་རྗེས་སུ་འབྲངས་རྒྱུ་དེ་མི་རིགས་འདིའི་གོམས་གཤིས་སུ་གྲུབ་ཡོད་པས། སེམས་ཀྱི་སྐྲག་ས་འཇིགས་ས་ཐམས་ཅད་ལ“འདྲེ”རུ་མིང་འདོགས་ཤིང་། དེས་མིའི་རིགས་ལ་གནོད་པ་སྣ་ཚོགས་བྱེད་པར་སྒྲོ་འདོག་བྱེད། མིའི་རིགས་ལས་ཀྱང་རང་ཉིད་མི་དགའ་བ་དང་བྱ་བྱེད་མི་མཐུན་པ་དག་ལའང“འདྲེ”ཞེས་མཚང་ངན་སྦྱོར་བ་ཡིན། དེ་བཞིན་དུ་ཡག་ཡག་སྙན་སྙན་མིག་ལ་འགྲོ་བ་ཐམས་ཅད་ལ“ལྷ”རུ་མིང་བཏགས་ནས་དེས་མིའི་རིགས་ལ་ཕན་འདོག་པར་བཤད་ལ། མིའི་རིགས་ལས་ཀྱང་བློ་རིག་བཀྲ་ཤིང་གསལ་ན“འཇམ་པའི་དབྱངས” སྙིང་རྗེ་ཆེ་ན“སྤྱན་རས་གཟིགས” དཔའ་རྩལ་ལྡན་ན“གསང་བའི་བདག་པོ”སོགས་ཀྱི་རྣམ་སྤྲུལ་ཡིན་པར་བཤད། འོ་ན“ཁྱོད་ཀྱིས་འཇམ་པའི་དབྱངས་དངོས་སུ་མཐོང་ཨེ་མྱོང”ཞེས་འདྲི་བའི་དབང་དུ་བཏང་ན། “ཁོ་བོ་བསོད་ནམས་དམན་པས་མཐོང་མི་སྲིད་ཀྱང་། སྔོན་ཆད་རྒན་མོ་ཅི་ཅི་ཅིག་གིས་འཇམ་དབྱངས་ཁྱི་རོར་མཐོང་མྱོང”ཟེར། ཡང “སྔོན་ཆད་ཅིག་ལ་འཕགས་པ་ཉི་ཉི་ཉིག་གིས་འཇམ་དབྱངས་བསྒྲུབས་པས་འཇམ་པའི་དབྱངས་ཀྱིས་མི་མངོན་པའི་དབྱིངས་ནས་ཁོང་ཉིད་ལ་སྐུ་དངོས་སུ་བསྟན”སོགས་ཟེར། ཡང ཡང་བརྒྱུད་ནས་འོང་བའི་གཏམ་རྒྱུད་འདི་དག་གི་རྒྱུན་རྒྱུ་མ་ཕུ་འདེད་ཀྱིས་དེད་དེ་སོང་ཚེ། དེ་དག་ནི་རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་ཅིག་ལ་ཐུག་འགྲོ་བ་ལས་གཞན་གང་ཡང་མིན། གཏམ་རྒྱུད་དེ་དག་བོད་ཀྱི་ཡུལ་གྲུ་རུ་ཐོན་པ་ན་དེའི་བྲོ་བ་གཞན་ཞིག་ཏུ་འགྱུར་འགྲོ་བ་སྟེ། སྔར་གྱི་མཁས་པ་ཚོས་གཏམ་རྒྱུད་དེ་དག་ཆོས་ལུགས་ཀྱི་ཆེ་བ་སྒྲོག་བྱེད་དུ་བསྒྱུར་ཞིང་གཞུང་ལུགས་ཀྱིས་གཏན་ལ་ཕབ་པ་ན། བོད་མི་ཕལ་ཆེ་བར“བླ་མས་ཅི་གསུངས་ཆོས་དང་མཛུབ་ཀུས་གར་བསྟན་ཤར”ཡིན་པའི་འདུ་ཤེས་ཆགས་ཡོད་པར་བརྟེན། དེ་ཉིད་འགྲིག་མིན་ལ་ཐེ་མི་ཚོམ་ཞིང་དོགས་པ་ཙམ་ཡང་མི་ཟ་བར་འགྱུར་བ་མེད་པའི་ཚད་མར་གྱུར་འགྲོབ་ཡིན། དེ་བས། དོགས་སློང་མེད་པའི་ལོ་རྒྱུས་ན་ལྷ་འདྲེ་ཡི་ཚོགས་རྒྱས་པ་ཆོས་ཉིད་ཡིན་ལ། དོགས་སློང་མེད་པའི་རིག་གནས་དང་དོགས་སློང་མེད་པའི་འཚོ་གནས་ན་མཆོད་བསྟོད་ཀྱི་ཚིག་ཚོགས་མང་ཞིང་བྲན་གཤིས་ལྡན་པའང་ཆོས་ཉིད་ཡིན།
གང་ལྟར་ཀྱང་། མིའི་རིགས་ཀྱི་ལོ་རྒྱུས་དང་རིག་གནས། འཚོ་གནས་ཀྱི་རིན་ཐང་དང་བདེན་པ་རྣམས་མི་བུས་གསར་སྐྲུན་བྱས་པ་ལས་ལྷ་འདྲེ་སོགས་གཟུགས་མེད་ཀྱི་བྱེད་པོས་བྱས་པ་མིན་ལ། མི་གྲལ་དུ་ལྷ་འདྲེ་ཞུགས་པའི་འཚོ་གནས་ནི་བྲན་གཤིས་ཆེ་བའི་འཚོ་གནས་དང་། ལོ་རྒྱུས་ཀྱི་ཀློང་དུ་ལྷ་འདྲེ་ཞུགས་ཡོད་ཚེ་དེ་ནི་བདེན་པའི་ལོ་རྒྱུས་ལ་མི་བརྩི་བ་ཡིན། དེ་བཞིན་དུ་ལྷ་ཚོགས་དང་འདྲེ་ཚོགས་ཀྱིས་ཁེངས་པའི་རིག་གནས་དེས་ཀྱང་འཇིག་རྟེན་པའི་འཚོ་གནས་ལ་ཕན་མི་ཐོགས་པས། རིག་གནས་དེས་འཛིན་སྐྱོང་སྤེལ་གསུམ་ལ་རེ་ལྟོས་འཆའ་དགོས་ཤིང་། དེ་ལྟར་མ་བྱས་ཚེ་རིག་གནས་དེར་ཉམས་ཉེན་དང་འཇིག་ཉེན་ཆེ། དེ་བས་འཇིག་རྟེན་པའི་རིག་གནས་གང་ཞིག་འཇིག་རྟེན་པའི་འཚོ་གནས་ལ་ཕན་ཐོགས་པ་ཞིག་ཡིན་ན། དེ་རང་བཞིན་གྱིས་དར་འགོ་རྩོམ་ངེས་ཡིན་ལ། འཇིག་རྟེན་པའི་འཚོ་གནས་ལ་ཕན་ཐོགས་མེད་ན་རིག་གནས་དེ་རང་བཞིན་གྱིས་ཉམས་རྒུད་དུ་འགྲོ་བའང་ཆོས་ཉིད་ཀྱིས་གྲུབ། དེ་ལྟ་བས་ན་ང་ཚོས་ལྷ་འདྲེས་མ་བཟུང་བའི་འཇིག་རྟེན་པའི་ལོ་རྒྱུས་གསར་བ་ཞིག་དང་རིག་གནས་གསར་བ་ཞིག འཚོ་གནས་གསར་བ་ཞིག་གི་འགོ་རྩོམ་དགོས་ཞེས་འབོད་སྐུལ་ཡང་ཡང་གཏོང་གི་ཡོད།
འོ་ན་ལྷ་འདྲེས་མ་བཟུང་བའི་ལོ་རྒྱུས་གསར་བ་དང་རིག་གནས་གསར་བ། འཚོ་གནས་གསར་བ་ཞིག་གི་འགོ་ཇི་ལྟར་རྩོམ་དགོས་ཟེར་ན། དེ་ནི་མི་ཉིད་གཙོ་གཞི་ཡིན་པའི་ལོ་རྒྱུས་གསར་བ་དང་མི་ཉིད་གཙོ་གཞི་ཡིན་པའི་རིག་གནས་གསར་བ། མི་ཉིད་གཙོ་གཞི་ཡིན་པའི་འཚོ་གནས་གསར་བ་ཞིག་ལ་ཟེར་བས། ཡོད་ཚད་མི་བུའི་བསམ་གཞིགས་དང་དོགས་སློང་། དགག་སྒྲུབ་དང་ནུས་རྩལ་སོགས་ཀྱིས་གྲུབ་པའི་ལོ་རྒྱུས་ཀྱི་བདེན་པ་དང་རིག་གནས་ཀྱི་བདེན་པ། འཚོ་གནས་ཀྱི་བདེན་པ་ཞིག་ཡིན། བདེན་དོན་འདི་བཞེངས་བསྐྲུན་བྱ་དགོས་ན་འཇིག་རྟེན་པ་ཡོད་ཚད་ཀྱིས་རང་ཉིད་ཆེས་ལེགས་པའི་རང་ཉིད་དུ་བསྒྱུར་དགོསལ། རང་ཉིད“མི”ཡིན་པ་དང“བདག”ཡོད་པའི་མི་ཆོས་ཀྱི་བདེན་པ་དེ་རྙེད་དགོས། བདག་གི་བདེན་པ་དེ་རྙེད་པར་གྱུར་ཚེ། ད་གཟོད“བདག”གི་འཚོ་གནས་དང་བདག་གི་ཁྱིམ་མིའི་འཚོ་གནས། བདག་གི་ཚོ་བའི་འཚོ་གནས་དང་བདག་གི་སྡེ་བའི་འཚོ་གནས། དེ་བཞིན་དུ་བདག་གི་མི་རིགས་ཀྱི་འཚོ་གནས་དང་བདག་གི་མེས་རྒྱལ་གྱི་འཚོ་གནས་སོགས་རིམ་པར་རྙེད་པར་འགྱུར་ལ། མཚུངས་སུ་དེ་དག་གི་འཚོ་སྟངས་ལའང་སྟོབས་ཤུགས་གསར་བ་ཞིག་ རྒྱས་ངེས་ཡིན།
གལ་ཏེ་དེ་ལྟ་མ་ཡིན་པར་སྟོང་བ་ཉིད་ཅིག་བཤད་དེ་འདུ་ཤེས་མེད་པ་ནས་བདག་ཀྱང་མེད་པར་གྱུར་ཚེ། བདག་དང་བདག་གི་ཡུལ་མི། བདག་གི་མི་རིགས་དང་བདག་གི་མེས་རྒྱལ་སོགས་ཀྱང་མེད་པར་འགྱུར་བས། དེ་དག་གི་དར་རྒུད་དང་འཚོ་གནས་ལ་སེམས་ ཁུར་བྱེད་མཁན་མི་འབྱུང་ལ། སེམས་ཁུར་བྱེད་ཀྱང་མི་སྲིད་པའི་ད་ལྟའི་གནས་བབ་ལྟར་ཁ་ནས་སྙིང་རྗེ་བཤད་ཀྱང་དོན་གྱི་སྙིང་རྗེ་གར་སོང་གི་རྗེས་མི་རྙེད་པ་ལྟར་ཡིན། འཇིག་རྟེན་འཚོ་གནས་ཀྱི་བདེན་པ་ནི། བདག་ཡོད་དགོས་པ་ཞིག་དང་དེ་བཞིན་བདག་ལ་བྱིས་པ་དང་བཅས་པའི་མི་རབས་རྗེས་མའང་ཡོད་དགོས་པས། མི་རབས་རྗེས་མ་དེའི་དོན་དུ། སློབ་གསོ་དང་རིག་གནས། ལོ་རྒྱུས་དང་འཚོ་གནས་གསར་བ་ཞིག་གི་འགོ་ཡང་རྩོམ་དགོས་པ་རེད།
དེ་བས། འཇིག་རྟེན་ཕ་མ་དག་གིས་རང་གི་བྱིས་པ་འཇིག་རྟེན་སྐྱོང་བའི་རྗེས་འཇུག་ མཁན་ཞིག་བྱེད་དུ་འཇུག་བསམ་ན། ངེས་པར་དུ“བདག”ཡོད་པ་བཤད་དགོས་ཤིང་། “བདག”ནི་འདོད་ཆགས་ཞེ་སྡང་གཏུ་མིག་གི་བདག་ཉིད་ཅན་ཞིག་ཡིན་པར་མ་ཟད། བྱམས་པ་སྙིང་རྗེ་བཟོད་པ་ལ་སོགས་པའི་བདག་ཉིད་ཅན་ཡང་ཡིན་པས། འཇིག་རྟེན་གྱི་བྱ་ གཞག་ཡོད་ཚད་“བདག”ཉིད་ནས་འགོ་བརྩམས་ཏེ་ཆེ་ཆེར་འཕེལ་བའི་ཆོས་ཉིད་ཅིག་ཡིན་ པའང་བཤད་དགོས། དེ་དག་ནི་དོན་དམ་པར“བདག”གི་འཚོ་གནས་ཀྱི་དོན་ཆེད་ཡིན་པས། བདག་མེད་ན་བདག་གི་མི་རྒྱུད་ཕྱི་མ་མེད་ལ། བདག་གི་མི་རབས་རྗེས་མ་མེད་ན་བདག་གི་ མི་རིགས་དང་བདག་གི་མེས་རྒྱལ་ཀྱང་ཡོད་མི་སྲིད་པ་ཡིན། འདི་དག་ནི་ཆེས་སྤྱིར་བཏང་ གི་མི་ཡོད་པས་མི་རིགས་ཆགས་པ་དང་མི་རིགས་ཡོད་པས་ད་གཟོད་བདག་ཅག་གི་མེས་རྒྱལ་གྲུབ་པའི་གནས་ལུགས་ཙམ་ཡིན། འཇིག་རྟེན་ཕ་མས་རང་གི་བྱིས་པར་གནས་ལུགས་མཐའ་དག་དེ་ལྟར་བཤད་ན། བྱིས་པ་ཚོར་རིམ་གྱིས་འཚོ་གནས་ཀྱི་དྲན་ཚུལ་གསར་བ་ཞིག་འབྱུང་བར་ངེས་ལ། མི་རིགས་འདིའི་མ་འོངས་པའི་བདེ་སྡུག་གི་དོན་ལ་བསམ་ཕོད་པ་དང་བསྒྲུབ་ནུས་པའི་འཇོན་ཐང་ཅན་གྱི་མི་སྣ་ཞིག་ཏུའང་འགྱུར་ངེས་སོ། །