logo

རྒྱལ་རབས་དེབ་ཐེར་དཀར་བོའི་མཆན་འགྲེལ།

རྩོམ་པ་པོ།:མཁས་དབང་དགེ་འདུན་ཆོས་འཕེལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-28 ཀློག་གྲངས།:
  ༡ བོད་ཆེན་པོ___བླ་ཆེན་རྟོགས་བརྗོད་ཅེས་པར། བོད་ནི་དབུས་གཙང་མངའ་རིས་ལྗོངས་ཀྱི་ལྗོངས་དང་། བོད་ཆེན་པོ་ནི་ཆུ་མདོ་ཆབ་མདོ་ཨ་མདོ་སྟེ་མདོ་ཁམས་ཀྱི་ལྗོངས་འདི་ཉིད་ཡིན། ཞེས་འབྱུང་མོད། སྔར་རྒྱལ་བོའི་མངའ་འོག་ཏུ་ཡོད་པའི་མངའ་རིས་ཙམ་ལ་བོད་དང་། དེའི་ལྷག་མའི་བོད་ཀྱི་ཡུལ་རྣམས་ལ་བོད་ཆེན་པོ་ཟེར་ཞེས་གནའ་དེང་མཁས་པ་ཕལ་ཆེར་ གྱིས་གཅིག་མཐུན་དུ་འདོད་དེ། དེབ་དཀར་རང་གཞུང་དུའང་། བོད་དང་བོད་ཆེན་པོ་བྱ་བ་ཡང་། རྒྱལ་བོའི་འབངས་སུ་ཡོད་པའི་མངའ་རིས་ཙམ་ལ་བོད་དང་། དེའི་ལྷག་མའི་བོད་རྣམས་ལ་བོད་ཆེན་པོར་འབོད་པ་སྟེ། འགའ་ཞིག་གིས་བོད་བྱ་བ་དབུས་གཙང་དང་བོད་ཆེན་པོ་བྱ་བ་མདོ་ཁམས་ལ་བྱེད་ཟེར་ཡང་ མི་བདེན་ཏེ། འབྲོམ་གྱིས་ཇོ་བོ་ལ་བོད་ཆེན་པོ་ན་བསམ་ཡས་གཙུག་ལག་ཁང་དང་དགེ་འདུན་གྲངས་མེད་ བཞུགས་པས་དེར་གཤེགས་པར་ཞུས་ཚུལ་ཇོ་བོ་རྗེའི་རྣམ་ཐར་དུ་གསལ་བ་བཞིན་ནོ། །ཞེས་གསུངས་པ་ལྟར་དབུས་གཙང་གཉིས་བོད་ཆེན་པོ་མིན་ན་བསམ་ཡས་ཀྱང་བོད་ཆེན་པོར་ འཇོག་ཐབས་མེད་པས་འབྲོམ་སྟོན་པའི་གསུང་དེ་ལ་ལན་ཅི་ཞིག་འདེབས་བསམ་དགོས་པར་ འདུག་གོ། །
  ༢ རྒྱལ་རབས་དེབ་ཐེར་དཀར་བོ__རྒྱལ་རབས་ཀྱི་གོ་དོན་ནི། གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང་ཞེས་པའི་གླེང་ བརྗོད་ལས། སྤྱིར་རྒྱལ་རབས་ཞེས་པ་ཡུལ་ལུང་གང་ཞིག་གི་མི་རིགས་དང་རྒྱལ་བརྒྱུད་རིམ་པའི་ བྱུང་བ་གཙོ་བོར་བརྗོད་པའི་ཞར་ལ་སྐབས་སོ་སོའི་རྒྱལ་བོ་ཚོའི་ཆོས་སྲིད་ཀྱི་ མཛད་པ་བསྐྱངས་ལུགས། ཆབ་འབངས་སྤྱིའི་བསམ་བློའི་གནས་བབ་དང་འཚོ་སྤྱོད་གོམས་གཤིས། དཔལ་འབྱོར། དམག་དོན། ཤེས་རིག་གི་འཕེལ་ཚད་སོགས་གསལ་བའི་ངག་རྒྱུན་དང་ཡིག་ཐོག་ཏུ་བྲིས་པའི་གཞུང་ ལུགས་ལ་གོ་དགོས། ཞེས་བརྗོད་པ་ལྟར་ལགས་སོ། །
      སྔོན་གྱི་བྱུང་བ་བརྗོད་པའི་ལོ་རྒྱུས་ཀྱི་དཔེ་དེབ་རྣམས་ལས་མཆོག་གམ་དྭངས་མ་ ཐེར་ཏེ་རབ་ཀྱི་སྒོ་ནས་དེབ་ཐེར་ཞེས་བརྗོད་དོ། །གསེར་ཐང་ལས། དེབ་ཀྱི་སྟེང་དུ་བྲིས་པའི་རྒྱལ་རབས་ཀྱི་ཡི་གེ་སོགས་ལ་དེབ་ཐེར་ཞེས་གྷི་རིག་ དང་ཏ་ཟིག་རྣམས་ཀྱིས་འབོད་པའི་བརྡ་སོག་ཡུལ་དུ་སླེབས་ཏེ་དེབ་ཐེར་དང་། དེ་ནས་བོད་ཀྱིས་ཀྱང་བརྡ་ཆད་དེ་བླངས་ནས་རྒྱལ་རབས་ལ་དེབ་ཐེར་སོགས་སུ་བྲིས་སོ། །ཞེས་ཀྱང་གསུངས་ལ། ཡང་དེང་གི་དཔྱོད་ལྡན་འགའ་རེས་དེབ་གཏེར་ཞེས་པའི་སྒྲ་འགྱུར་ཏེ་དེབ་ཐེར་དུ་ ཐོགས་སམ་ཟེར་ཏེ་དཔྱད་པའི་གཞིའོ། །
      སྤྱིར་བོད་ཡིག་གི་དཔེ་དེབ་འབྲི་ཚུལ་ལ། ༡ ཤོག་དྲིལ་དུ་བྱས་ནས་འབྲི་བ་དང། ༢ གླེགས་བམ་དུ་བྱས་ནས་འབྲི་བ། ༣ དེབ་ཐེར་དུ་འབྲི་བ་བཅས་རིགས་གསུམ་ཡོད་པར་བཤད་ལ། དང་བོ་ནི། སྔར་བོད་དུ་བཀའ་བསྟན་འགྱུར་རྣམས་བོད་སྐད་དུ་བསྒྱུར་ཟིན་པ་མང་བོ་ཞིག་ཐོག་མར་ ཤོག་དྲིལ་དུ་བྱས་ནས་བྲིས་པས་མིང་ཐོགས་ཤིང་། ཕྱིས་སུ་མཁས་པ་མང་བོ་ཞིག་གི་བརྩམས་ཆོས་ཀྱང་ཐོག་མར་ཤོག་དྲིལ་དུ་བཀོད་པ་ཡིན་ འདུག
      གཉིས་པ་ནི། སྔོན་བོད་ཀྱི་གསུང་རབ་ཀྱི་དཔེ་ཆ་རྣམས་ཕྱོགས་བསྒྲིགས་བྱེད་སྐབས་ཚེག་བར་སོ་ གཉིས་སམ་སོ་དྲུག་གང་རུང་ལ་ཤོ་ལོ་ཀ་རེ་དང་། ཤོ་ལོ་ཀ་སུམ་བརྒྱ་ལ་བམ་པོ་རེ་༼འདོད་ཚུལ་གཞན་དང་གཞན་ཡང་ཡོད། ༽བྱས་ཏེ་གླེགས་ཤིང་གཉིས་ཀྱི་བར་དུ་བསྡམས་ནས་འཇོག་པ་ལ་གླེགས་བམ་གཅིག་ཅེས་ ཟེར། རིམ་གྱིས་གླེགས་བམ་ཆེ་བར་ཤོག་གྲངས་ལྔ་བརྒྱ་ཡས་མས་དང་། འབྲིང་ལ་ཤོག་གྲངས་སུམ་བརྒྱ་ནས་བཞི་བརྒྱ་ཡས་མས། ཆུང་བར་ཤོག་གྲངས་ཉིས་བརྒྱ་ལྷག་ཙམ་ཡོད། དེ་ལྟའི་གླེགས་བམ་ལ། ༡ ཡིག་འབྲུའི་མཐའ་སྣེ་མི་འཆོལ་བའི་ཆེད་དུ་མཐའ་ཐིག ༢ ཤོག་ངོས་སོ་སོའི་རྒྱབ་མདུན་མི་ནོར་བའི་ཆེད་དུ་ཡིག་མགོ། ༣ ཤོག་ངོས་སྔ་ཕྱིའི་གོ་རིམ་མི་འཛོལ་བའི་ཆེད་དུ་ཤོག་གྲངས། ༤ ལེ་ཚན་ཕན་ཚུན་མི་འཁྲུགས་པའི་ཆེད་དུ་མཚན་བྱང་། ༥  གླེགས་བམ་ཧྲིལ་བོར་སྲུང་སྐྱོབ་བྱ་བའི་ཆེད་དུ་གླེགས་ཤིང་། ༦ གླེགས་བམ་ཕན་ཚུན་མི་འདྲེས་པའི་ཆེད་དུ་གླེགས་ཐག ༧ དད་གུས་དང་མཆོད་པའི་ཆེད་དུ་ན་བཟའ་དཔེ་སྒྲིལ་བཅས་ཁྱད་ཆོས་བདུན་དང་། དོན་མི་འཁྲུགས་པ་ཚེག་གི་རྒྱ། ཚིག་རྐང་མི་འཁྲུགས་པ་ཤད་ཀྱི་རྒྱ། ཚིག་དོན་མི་འཁྲུགས་པ་ལེའུའི་རྒྱ། ཤོ་ལོ་ཀ་མི་འཁྲུགས་པ་བམ་པོའི་རྒྱ། བམ་པོ་མི་འཁྲུགས་པ་བམ་པོའི་གྲངས་ཀྱི་རྒྱ། མཐའ་མི་འཆོལ་བ་སྣེ་ཐིག་གི་རྒྱ། པོ་ཏི་མི་འཁྲུགས་པ་སྤྱན་ཁྱེར་གྱི་རྒྱ་བཅས་རྒྱ་རིམ་པ་བདུན་དང་ཡང་ལྡན་དགོས་ པར་གསུངས་སོ། །
      གསུམ་པ་ནི། ཐོག་མར་འབྲི་གཞིའི་ཤོག་བུ་རྣམས་ཚད་གཅིག་མཚུངས་སུ་དྲས་ཏེ། ལྟེབ་མགོ་ལྔ་ནས་བདུན་བར་གྱི་བརྩེགས་སྣ་ཚོགས་དང་གོས་ཆེན་སྣ་ཚོགས་ཀྱིས་དཔེ་ ཐུམ་བྱེད་སྲོལ་ཡོད་ལ། དེའི་ཐོག་བྲིས་པའི་ཡིག་གཟུགས་ནི་ཡི་གེའི་ཤ་ཆེ་ཞིང་གཙོ་བོ་རྐང་བ་ཐུང་བའི་ དཔེ་ཚུགས་མ་སྟེ། སྔོན་བོད་ས་གནས་ཀྱི་རིམ་བྱུང་སྲིད་གཞུང་གི་ཡིག་ཆ་གལ་ཆེན་རྣམས་དཔེ་དེབ་དེའི་ གྲས་ཤ་སྟག་ཡིན་པར་གསུངས། དེའི་ཕྱིར་བོད་ཀྱི་ལོ་རྒྱུས་ཡིག་ཆ་གལ་ཆེན་ཁག་ཅིག་ལ་དེབ་ཐེར་ཞེས་པའི་མིང་ འདོགས་སྲོལ་ཞིག་ངང་གིས་བྱུང་བར་མངོན་ལ། སོག་སྐད་ཀྱི་བརྡ་ཞིག་བོད་ཀྱིས་བླངས་པ་མིན་ཤས་ཆེའོ། །
      དཀར་བོ་ཞེས་པ་ནི་གཞུང་འདིའི་ཁྱད་ཆོས་ཀྱི་སྒོ་ནས་མིང་བཏགས་པ་སྟེ། ཕྱོགས་ལྷུང་ཞེན་པས་དམར་བོར་མ་བྱས་ཤིང་། །ངོ་བསྲུང་ཚིག་གིས་སྔོན་པོར་མ་བྱས་ལ། །ཕྱིས་བྱུང་གཏམ་གྱིས་སེར་བོར་མ་བྱས་པ། །དེ་ཕྱིར་འདི་ནི་དེབ་ཐེར་དཀར་བོ་ཡིན། །ཞེས་གསུངས་པ་ལྟར་རོ། །གོང་གི་ཤོ་ལོ་ཀ་འདི་ནི་ད་ལྟའི་དཔར་དུ་བཀོད་པའི་དེབ་དཀར་གྱི་གཞུང་ན་མེད་ ཀྱང་། དེབ་དཀར་གྱི་གཞུང་དུ་འཁོད་པ་དང་མ་འཁོད་པའི་ཚིགས་སུ་བཅད་པ་ཞེས་པར་གསལ། འདི་ལས་ང་ཚོས་བསམ་དགོས་པ་ཞིག་ནི་ད་ལྟའི་དེབ་དཀར་ལའང་མཁས་རློམ་དང་དབང་ཤེད་ ཅན་རེ་འགས་འཕྲི་སྣོན་སོགས་གང་འདོད་ཅིག་བྱས་མེད་དམ་སྙམ་པ་དེའོ། །
  ༣ ན་མསྟྲཻ་ལོ་ཀྱ་ནཱ་ཐཱ་ཡ__འདིའི་སྔགས་དོན་དང་རི་མོ་བྱིངས་སྒྲུབ་བྱེད་ཚུལ་ སོགས་གཞན་དུ་བཤད་པ་ནོར་འདུག་པས་གསལ་བོ་ཞིག་དགོས་ཞེས་བདག་གིས་སློབ་དཔོན་རིན་ པོ་ཆེ་སྒང་བ་རྒྱ་ནག་མཁན་ཆེན་བསམ་གཏན་བསྟན་པའི་རྒྱལ་མཚན་ཚང་ལ་ཞུས་ངོར་ཁོང་ གིས་ཐུགས་བརྩེ་བས་ཕྲན་ལ་གནང་བ་ནི་གཤམ་གསལ་ལྟར།
སྒྲ་དབྱངས་ལྷ་མོ་འཇིག་རྟེན་གསུམ་ཡིད་འཕྲོག་ལ་ཕྱག་འཚལ་ལོ། །
      རྣམ་རྒྱལ་མའི་གཟུངས་རིང་གི་དབུ་དང་འཇམ་དཔལ་མཚན་བརྗོད་ལས། དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །ཏྲི་ལོ་ཀ་བི་ཛ་ཡི་བཱི་རོ། ཞེས་དང་། འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་། །ཏྲཻ་ལོ་ཀྱཱ་བྷ་ས་ཀ་ར་ཎཾ། ཞེས་དང་། འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ། །ཞེས་དང་། མཛྙུ་གྷོ་ཥ་མ་ཧཱ་ན་དསྟྲཻ་ལོ་ཀྱེེ་ཀ་ར་བོ་མ་ཧཱན྄། ཞེས་དང་། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག ། ཏྲཻ་ལོ་ཀྱེེ་ཀ་ཀུ་མཱ་རཱངྒཿ ཞེས་དང་། སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག ། ཏྲཻ་ལོ་ཀྱེ་ཏི་ལ་ཀཿཀཱནྟཿཞེས་དང་། འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །ཏྲཻ་ལོ་ཀྱེེ་ཀ་ཀྲ་མ་ག་ཏི། །ཞེས་དང་། དོན་གྱི་དམ་པ་རྣམ་དག་དཔལ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །པ་ར་མཱཪྠ་བི་ཤུདྡྷ་ཤྲཱིསྟྲཻ་ལོ་ཀྱ་བྷ་གོ་མ་ཧཱན྄། ཞེས་པ་ལྟ་བུ་དང་། གཞན་ཡང་ལེགས་སྦྱར་གྱི་གཞུང་མང་བོ་ན་འཇིག་རྟེན་གསུམ་ཞེས་པའི་སྐད་དོད་མཐོང་ ཞིང་། སྐབས་བབས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དེབ་དཀར་གྱི་དབུར། ན་མསྟྲཻ་ལོ་ཀྱ་ནཱ་ཐཱ་ཡ། ཞེས་བྱུང་། དེ་ཉིད་བྱིངས་ལས་སྒྲུབ་པའི་དབང་དུ་བཏང་ན། ཎ་མ་རབ་ཏུ་འདུད་པ་དང་སྒྲའི་བྱིངས་བཞག མའི་ཨ་བརྗོད་དོན་གྱིས་ཕྱིས། དང་བོའི་ཥ་ཎ་ནི་ས་ནའོས་ཎ་ཡིག་ན་ལ་བསྒྱུར། ནམ྄་ཞེས་གྲུབ་པ་ལ་ཨ་སུན་རྐྱེན་དུ་བྱིན། ཨུན྄་བརྗོད་དོན་གྱིས་ཕྱིས། ནམ྄་ཨས྄་མཚམས་སྦྱར་བས་ན་མས྄་ཕྱག་འཚལ་བ་ཞེས་གྲུབ་པ་ཚིག་ཏུ་སྒྲུབ་ཆེད་རྣམ་ དབྱེ་སི་བྱིན། མི་ཟད་པ་ལས་སི་འཇིགས་རྣམ་བཅད་བྱས། རྣམ་པར་གཅད་བྱའི་སའོས་འོག་གི་ཁ་སའི་ཡི་གེ་ཏ྄་མཐོང་བས་རྣམ་བཅད་ས་རུ་བྱས་ཏེ་ མཚམས་སྦྱར་བས་ན་མསྟྲཻ་ལྟ་བུར་ཡོད། འདི་ལྟར་ཀུན་མཁྱེན་བཞེད། ཏྲཻང྄་སྐྱོང་བའི་བྱིངས་བཞག ས་ཊི་ལ་སོགས་པ་རྣམས་སོས་ཊི་སྟེར། ཨི་ཕྲལ་ནས་ཊ་ཊི་དབྱི་བའི་དོན་གྱིས་ཕྱིས། ཊི་ཕྱིས་ནས་མཚམས་སྦྱར་བས་ཏྲི་ནི་གསུམ་གྱི་སྐད་དོད། ལོ་ཀྲྀ་ལྟ་བའི་བྱིངས་ཀྱི་རྀ་རྗེས་འབྲེལ་གྱིས་ཕྱིས། དབྱངས་ལས་ཡའོས་ཡ་རྐྱེན་བྱིན། མཚམས་སྦྱར་བས་ཏྲི་ལོ་ཀྱ་ཞེས་གནས་པ་ལ་དངོས་པོའི་དོན་ལ་ཨཎ྄་སོགས་འཇུག་པར་བཤད་ པས་ཨཎ྄་བྱིན། ཎ྄་འཕེལ་དོན་གྱིས་ཕྱིས། དབྱངས་དང་བོའི་ཉ྄ན་འགྲོ་བ་ལ་འཕེལ་བ་བྱས། ཨཾ་ཨ་དག་གིས་དབྱིའོས་ཀྱའི་ཨ་ཕྱིས། མཚམས་སྦྱར་བས་ཏྲཻ་ལོ་ཀྱ། ནཱ་ཐྲྀ་ཉེ་བར་གདུང་བ་དང་དབང་ཕྱུག་དང་ཤིས་པའི་བྱིངས་བཞག རྀ་རྗེས་འབྲེལ་གྱིས་ཕྱིས། ཀྲྀཏ྄ལས་ཨ་ཊ་དག་གོས་ཨ་བྱིན། མཚམས་སྦྱར་བས་ནཱ་ཐ་མགོན་པོ་ལ་བཞི་བའི་ངེ་བྱིན། ངེའི་ཨེ་ཕྲལ། ང་དབྱངས་དོན་གྱིས་ཕྱིས། དེ་ལ་ཨཀ྄འོས་ཨཀ྄་བྱིན། ཀ྄་གནས་དོན་གྱིས་ཕྱིས། ཨེ་ཨ་ཡ྄་རུ་བསྒྱུར། ཡ྄་སྲོག་མེད་ཨེ་ལ་དྲངས་ཤིང་ཨ་རྟགས་མཐར་འདྲ་རིང་བྱས་པས་ན་ཐཱ་ཡ་ཞེས་གྲུབ། གོང་གི་ལོ་ཀྱའི་ཨ་སྐབས་ལ་ལར་རིང་བོ་འབྱུང་བས་དེ་ནི་མང་ཚིག་ཛས྄་བྱིན། ཛ྄་ཕྱིས། མཚམས་སྦྱར། ས་རྣམ་བཅད་བྱས་པ་དང་རྣམ་བཅད་ཨཱ་ལས་ཨ་བ་ལ་དབྱིའོས་ཕྱིས་པས་ལོ་ཀྱཱ་གྲུབ་པ་ བྱས་ཆོག དེལྟར་བྱས་པས། ན་མསྟྲཻལོ་ཀྱཱ་ནཱ་ཐཱ་ཡ། ཞེས་གྲུབ་པ་ནི་ས་གསུམ་མམ་སྲིད་པ་གསུམ་ཡང་ན་འཇིག་རྟེན་གསུམ་གྱི་མགོན་ལ་ཕྱག་ འཚལ་ལོ། །ཞེས་པའོ། །
  རྔོག་ལོ་ཙཱ་བ་ཆེན་པོའི་ཞལ་ནས།
  བཻ་རོ་ཙ་ན་ནམ་མཁའ་དག་དང་མཉམ། །
  སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ། །
  རིན་ཆེན་བཟང་བོ་ཐོ་རངས་སྐར་ཆེན་ཙམ། །
  ཁོ་བོ་དེ་དྲུང་སྲིན་བུ་མེ་ཁྱེར་བཞིན། །ཞེས་གསུངས་པ་ལྟར་རོ། །
  སློབ་བུ་གུ་ཎ་ས་རའི་རེ་བཅོལ་ལྟར་ཕྲན་ཤཱ་ན་དྷཱ་ཛས་སྤྱི་ཟླ་ཚེས་ལ་བསྒྲིགས།  2010.6.3
   ཁོང་རིན་པོ་ཆེའི་གསུང་ཚིག་ཇི་བཞིན་བཀོད་པའོ། །
༤ འོད་གསལ་ལྷ་ཡི་གདུང་རྒྱུད_སྤྱིར་འོད་གསལ་གྱི་ལྷ་ཞེས་པ་གཟུགས་ཁམས་བསམ་གཏན་ གཉིས་པའི་གནས་རིས་གསུམ་པའི་ལྷའི་མིང་ཡིན་ལ། བོད་ཀྱི་རྒྱལ་རབས་རྣམས་དེ་ལས་དངོས་སུ་ཆད་པའི་གདུང་རྒྱུད་ཡིན་ཞེས་བཤད་དུ་ མེད་མོད། ལོ་རྒྱུས་ཀྱི་ཡིག་ཆ་མང་བོར་བོད་སྤྱི་ལ་དབང་བའི་རྒྱལ་བོའི་ཐོག་མ་གཉའ་ཁྲི་ བཙན་པོའམ་པུ་དེ་གུང་རྒྱལ་ནི་རྒྱ་གར་གྱི་རྒྱལ་བོའི་ཐོག་མ་མང་བོས་བཀུར་བའི་ གདུང་རྒྱུད་རྒྱལ་བོ་དམག་བརྒྱ་བའི་སྲས་ཡིན་པར་བཤད་ཅིང་། རྒྱལ་རབས་གསལ་མེ་ལས། དེ་ཡང་ཐོག་མར་རྒྱ་གར་ཡུལ་གྱི་མི་རྣམས་ནི་འོད་གསལ་ལྷ་ལས་ཆད་པ་ཡིན་ཏེ། ཚེ་ཚད་དཔག་ཏུ་མེད་པ་ཐུབ་པ། ཟས་སུ་བསམ་གཏན་གྱི་དགའ་བ་ཟ་བ། རྫུས་ཏེ་སྐྱེ་བ། ལུས་ལ་འོད་ཡོད་པ། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་གཟུགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཞེས་གསུངས་པ་ལྟར་བོད་ཀྱི་མི་རྒྱུད་དང་རྒྱལ་རྒྱུད་ཀྱི་མགོ་ཁུངས་རྒྱ་གར་བ་ལ་ གཏུགས་པའི་དབང་དུ་བྱས་ཚེ་འོད་གསལ་ལྷ་ཡི་གདུང་རྒྱུད་ཅེས་བརྗོད་ཆོག་པར་འདུག་ གོ། །
      ཡང་ན་མང་བཀུར་བ་ནི་ཡར་དེད་ལྷ་དགུའི་རྒྱུད་ལས་བྱུང་བ་ཞིག་སྟེ། མང་བཀུར་བའི་ཡབ་ལྷ་ཆེན་རྒྱལ་བ། དེའི་ཡབ་ལྷ་ཆེན་དབང་བོ། དེའི་ཡབ་ལྷ་ཆེན་འཁོར་ལོ། དེའི་ཡབ་ལྷ་ཆེན་དུང་སྐྱོང་། དེའི་ཡབ་ལྷ་ཆེན་དྲི་མེད། དེའི་ཡབ་ལྷ་ཆེན་གཤེད་ཆེན། དེའི་ཡབ་ལྷ་ཆེན་གཤེད་ཆུང་། དེའི་ཡབ་ལྷ་ཆེན་པོ། དེའི་ཡབ་ལྷ་ཆེན་བཟང་ཡབ་རྣམས་ཡིན་ཚུལ་ལོ་རྒྱུས་ཁུངས་བཙུན་དག་ཏུ་གསལ་ལ། ༼མང་བཀུར་བ་ནས་ཤཱཀྱ་ཐུབ་པའི་བར་ལ་རྒྱལ་རབས་འབུམ་ཕྲག་བཅུ་གཅིག་དང་ཆིག་སྟོང་ བདུན་བརྒྱ་དང་བཅུ་གཅིག་བྱོན་ཞེས་མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་གསུངས།༽ བོད་ཀྱི་རྒྱལ་བོ་གཉའ་ཁྲི་བཙན་པོ་མང་བཀུར་བའི་གདུང་རྒྱུད་ཡིན་པར་འདོད་པའི་ཆ་ ནས་འོད་གསལ་ལྷ་ཡི་གདུང་རྒྱུད་དམ། ཡང་ན་བོན་གཞུང་འགའ་རེར་གནམ་གྱི་ཁྲི་བདུན་སོགས་ཐོག་མར་ནམ་མཁའི་མཐོངས་ནས་འོད་ དཀར་བོའི་རྨུ་སྐས་ལས་ཕབ་སྟེ་མི་ཡུལ་དུ་བྱོན་པ་དང་། རྗེས་སུ་འོད་དཀར་བོའི་ལམ་དེ་ཉིད་བརྒྱུད་དེ་ནམ་མཁར་ཡལ་འགྲོ་ཚུལ་ཞིག་བཤད་པས་ འོད་གསལ་ལྷ་ཡི་གདུང་རྒྱུད་ཀྱི་མིང་ཐོགས་པར་བྱས་ཀྱང་འགལ་བ་མེད་སྙམ་སྟེ་དཔྱད་ པའི་གཞི་ཙམ་མོ། །
  ༥ སྡེ་བཞི__སྤྱིར་སྡེ་བཞི་ལ། གཞི་ཐམས་ཅད་ཡོད་པར་སྨྲ་བ་དང་། མང་བོས་བཀུར་བ། དགེ་འདུན་ཕལ་ཆེ་བ། གནས་བརྟན་པ་བཅས་ཉན་ཐོས་སྡེ་བཞི་དང་། སྙན་ངག་གི་སྲོག་ཏུ་བསྟན་པའི་ཆོས་ནོར་འདོད་པ་ཐར་པ་སྟེ་ཆོས་སྲིད་གཉིས་ཀའི་ སྡེ་བཞི་དང་། ཁྲིམས་དང་དམག དཔལ་འབྱོར། མངའ་ཐང་སྟེ་རྒྱལ་ཐབས་ཀྱི་སྡེ་བཞི་བཅས་རིགས་གསུམ་ཙམ་ཡོད་ཀྱང་། སྐབས་འདིར་ནི་ཕྱི་མ་གཉིས་ལ་གོ་ན་འགྲིག་གོ། །
  ༦ ཀུན་རིག་འཕྲུལ་མངའ______ཆོས་ཐམས་ཅད་ཀྱི་གནས་ལུགས་ཚུལ་བཞིན་དུ་རིག་པ་སྟེ་མཁྱེན་པའི་ཡོན་ཏན་གྱི་འཕྲུལ་མངའ་བའམ་ལྡན་པའི་དོན་ནོ། །
  ༧ མེས་དབོན་རྣམ་གསུམ______རང་ཉིད་ཀྱི་ཕའི་ཕ་དང་དེའི་ཡང་མི་རབས་གོང་མ་ཚོ་ལ་ མེས་པོ་དང་། ཕ་རང་གི་བུའི་བུ་དང་དེའི་ཡང་བུ་སྟེ་ཚ་བོ་ཡང་ཚ་རྣམས་དང་། ཡང་ཕ་ཡི་སྤུན་ཨ་ཁུའི་བུ་ལ་དབོན་པོ་ཞེས་ཟེར་བ་ཡིན་ནོ། །དེས་ན་སྐབས་འདིར་མེས་དབོན་རྣམ་གསུམ་ཞེས་པ་ནི་གོང་གསལ་ལྟར་གྱི་གཉེན་ཚན་ནམ་ གདུང་རྒྱུད་ཀྱིས་འབྲེལ་བའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེ་བཙན། རལ་བ་ཅན་ནམ་མཚན་གཞན་ཁྲི་གཙུག་ལྡེ་བཙན་བཅས་ལ་གོ་དགོས་ཏེ། རྒྱལ་བོ་འདི་གསུམ་གྱི་རིང་ལ་གངས་ཅན་བོད་ཀྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་ རིན་པོ་ཆེ་ཕྱོགས་སྣ་ཚོགས་ནས་དར་བར་བྱས་སོ། །ལོ་རྒྱུས་ལ་ལར་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་ པས་མེས་དབོན་རྣམ་གསུམ་གྱི་ཐོག་མར་བརྩིས་ནས་ཁྲི་རལ་བ་ཅན་མ་བགྲངས་པའང་ཡོད་དོ། །
  ༨ ཕྱག་ན་པདྨོ______འཕགས་མཆོག་ཐུགས་རྗེ་ཆེན་པོའི་མཚན་ཏེ། སྲིད་ཞིའི་སྐྱོན་གྱིས་མ་གོས་པ་མཚོན་བྱེད་དུ་ཕྱག་ན་པད་མ་དཀར་བོ་བསྣམས་པའི་ཆ་ ནས་བཏགས་པའོ། །
  ༩ ལུགས་གཉིས______འཇིག་རྟེན་གྱི་ལུགས་དང་ཆོས་ཀྱི་ལུགས་གཉིས་སོ། །
  ༡༠ སྲིད་གསུམ______སྤྱིར་སྲིད་པ་གསུམ་ཞེས་པ་འཆི་སྲིད་དང་། བར་སྲིད། སྔོན་དུས་ཀྱི་སྲིད་པ་སྟེ་གསུམ་དང་། ཡང་ན། འདོད་པའི་སྲིད་པ། གཟུགས་ཀྱི་སྲིད་པ། གཟུགས་མེད་ཀྱི་སྲིད་པ་སྟེ་ཁམས་གསུམ། མདོ་སྡེ་བའི་ལུགས་ཀྱི་འདས་པ་དང་། མ་འོངས་པ་དང་། མ་ངེས་པའི་སྲིད་པ་གསུམ། ཡང་སྲིད་པ་དང་མ་སྲིད་པ། ཅི་ཡང་སྲིད་པ་བཅས་གོ་ཚུལ་མང་བོ་ཞིག་ཡོད་ཀྱང་། སྐབས་འདིར་ནི། ས་བླའི་སྲིད་པའམ་ལྷའི་སྲིད་པ་དང་། ས་སྟེང་གི་སྲིད་པའམ་མིའི་སྲིད་པ། ས་འོག་གི་སྲིད་པའམ་ཀླུའི་སྲིད་པ་གསུམ་ལ་གོ་དགོས་ཏེ། མིང་གཞན་ས་གསུམ་ཡང་ཟེར་རོ། །
  ༡༡ མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས______སྲོང་བཙན་སྒམ་པོའི་སྐབས་མཐའ་བཞིའི་ རྒྱལ་ཁམས་དབང་དུ་བསྡུས་པའི་ཚུལ་ནི། ལོ་རྒྱུས་ཀྱི་གཞུང་མང་བོར། ཤར་ན་རྒྱ་ནག་དང་ཁྲི་བརྟན། ལྷོ་ན་རྒྱ་གར་དང་ཁ་ཆེ། ནུབ་ན་སྟག་སྡེ་དང་གཟིག་ཡན། བྱང་ན་ཁྲོམ་དང་གེ་སར། ཞེས་འབྱུང་བ་ལྟར་ཏེ་རྒྱས་པར་འོག་ཏུ་སྲོང་བཙན་སྒམ་པོའི་ལོ་རྒྱུས་སྐབས་འཆད་ དོ། །
  ༡༢ ཡིག་རྙིང་ཇི་སྙེད་བསྒྲིགས་པ______དེབ་དཀར་འདི་ལོ་བརྒྱ་ཕྲག་མང་བོའི་ཡར་སྔོན་ དུ་བྲིས་ངེས་པའི་ཏུན་ཧོང་གཏེར་ཡིག་ཁག་མི་འདྲ་བ་དང་། རྒྱའི་ཡིག་ཚང་དག་ལས་བོད་ཀྱི་གནས་བབས་བརྗོད་པ། བོད་རང་གི་གནའ་བོའི་ཁུངས་བཙུན་ལོ་རྒྱུས་ཀྱི་ཡིག་ཆ་དང་རྡོ་རིང་ངོས་ཀྱི་ཡི་ གེ་སོགས་ལ་ཁུངས་བཅོལ་ཏེ་བསྒྲིགས་པ་ཞིག་ཡིན་ནོ། །
  ༡༣ བོད་ཁམས་དང་བོའི་སྲིད་དང་དབང་གི་ཚད______བོད་བཙན་པོའི་དུས་སྐབས་ཀྱི་སྲིད་ ལུགས་སྐྱོང་ཚུལ་དང་མངའ་ཐང་སྟོབས་འབྱོར་དབང་ཤུགས་སོགས་ཀྱི་ཚད་ཅི་ཙམ་ཡོད་པ་ ཞེས་པའི་དོན་ནོ། །
  ༡༤ རྟ་མཆོག་ཁྲོས་པའི་བཀའ་ཡི་རྒྱས་བཏབ་པ______ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི་ འཕགས་པ་ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་ཡིན་ཚུལ་མདོ་རྒྱུད་མང་བོ་ནས་ལུང་བསྟན་ ཅིང་། ཇི་སྐད་དུ། ཧྲཱིཿ་རྒྱལ་བ་ཀུན་གྱི་ཆོས་སྐུ་པད་མའི་གསུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་དབང་ཧྲཱིཿ་ལས་རྔམ་ཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་འཕགས་པ་ཐུགས་རྗེ་ཆེན་པོ་དྲག་པོའི་རྣམ་པར་རོལ་བ་ནི་དཔལ་རྟ་ མགྲིན་དམར་བོ་ཡིན་པས། འདིར་ཆོས་རྒྱལ་སྲོང་བཙན་སྒམ་པོས་དྲག་པོ་དམག་གི་འཐབ་ཇུས་བཀའ་བསྩལ་བ་སོགས་ལ་ རྟ་མཆོག་ཁྲོས་པའི་བཀའ་ཡི་རྒྱས་བཏབ་པ་ཞེས་གསུངས་སོ། །
  ༡༥ སྲིན་པོ་གདོང་དམར་བོད______སྤྱིར་སྲིན་པོ་ནི་མི་ཤ་ཟ་རྒྱུར་དགའ་བའི་གདོན་ འདྲེའི་རིགས་ལ་ཟེར་ཡང་། སྐབས་འདིར་བོད་ཀྱི་དམག་དཔུང་ནི་གཞན་སྡེ་འདུལ་བ་ལ་སྲིན་པོ་ལྟར་བཙན་དྲག་ཆེ་ ཞིང་། སྔོན་གཡུལ་ལ་ཞུགས་པ་སོགས་ཀྱི་ཚེ་གདོང་ལ་ཚོན་དམར་བྱུག་པའི་༼བུད་མེད་ཀྱི་ གདོང་ལའང་ཚོན་དམར་བྱུག་པའི་སྲོལ་ཡོད་པས་རྒྱ་བཟའ་ཀོང་ཇོ་མ་དགའ་ཚུལ་ལོ་རྒྱུས་ མང་བོར་གསལ།༽སྲོལ་ཡོད་ཚུལ་ཡང་བསྟན་པའོ། །
  ༡༦ སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང______ས་ཡི་དཀྱིལ་འཁོར་ནི་འཛམ་གླིང་ལ་གོ་ དགོས་ཤིང་། སྔོན་དེའི་སུམ་ཆ་གཉིས་ཙམ་བོད་ཀྱིས་བཟུང་མྱོང་བའི་དོན་ནོ། །ཁ་ཅིག་གིས་འདི་ནི་ཆེས་ཆེར་དོན་དངོས་ལས་འདས་པའི་འུད་བསྟོད་ཅིག་གོ་སྙམ་སྲིད་ ཀྱང་། དུས་འཁོར་གྱི་གཞུང་དང་རྒྱ་གར་བའི་སྔོན་གྱི་བཤད་སྟངས་ཀྱི་རྗེས་སུ་འབྲངས་ཏེ་ བོད་ཀྱིས་ཀྱང་། གླིང་ཆེན་བདུན་གྱི་ཡ་གྱལ་ཨེ་ཤ་ཡའི་གླིང་སྟེ་རྒྱ་མཚོས་མ་བཅད་པའི་སྐམ་ས་གཅིག་ བུ་ལ་འཛམ་གླིང་དུ་འབོད་ཅིང་། ༼སྐབས་རེར་རྒྱ་གར་གཅིག་བུ་ལ་འཛམ་གླིང་ཞེས་བཤད་པའང་ཡོད། དེའི་ཕྱིར་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་འཛམ་གླིང་རྒྱས་བཤད་ཆུང་དྲགས་པའི་ལྟ་ ཚུལ་བརྗོད་མཁན་ཚོས་རང་གི་ལྟ་རྒྱ་ཆེ་རུ་གཏོང་དགོས་པར་འདུག་གོ།༽དེའི་སུམ་ཆ་ གཉིས་ཙམ་བོད་ཀྱིས་བཟུང་མྱོང་བ་ལ་ནི་སུས་ཀྱང་བསྙོན་དུ་མེད་པ་ཡིན་ནོ། །
  ༡༧ འཕགས་མཆོག་རིགས་གསུམ་མགོན་པོ་མིའི་རྣམ་པར་བྱོན་པ______སངས་རྒྱས་རྣམས་ཀྱི་ བརྩེ་བའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་དང་། མཁྱེན་པའི་རང་གཟུགས་འཇམ་པའི་དབྱངས། ནུས་པའི་རང་གཟུགས་དཔལ་ཕྱག་ན་རྡོ་རྗེ་གསུམ་ལ་རིགས་གསུམ་མགོན་པོ་ཞེས་བྱ་ཞིང་། ཆོས་རྒྱལ་སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་དང་། ཁྲི་སྲོང་ལྡེ་བཙན་འཇམ་པའི་དབྱངས། ཁྲི་རལ་བ་ཅན་ཕྱག་རྡོར་གྱི་རྣམ་སྤྲུལ་ཡིན་པར་བརྗོད་པས་རིགས་གསུམ་མགོན་པོ་ མིའི་རྣམ་པར་རོལ་བ་ཞེས་བྱའོ། །
  ༡༨ རྒྱ་གར______བོད་ཀྱི་ལོ་རྒྱུས་སོགས་རེ་འགར་ས་གནས་འདིའི་མི་མང་བོས་རྒྱུན་དུ་ གོས་དཀར་བོ་གྱོན་ཞིང་། མྱ་ངན་བྱེད་སྐབས་གོས་ནག་པོ་གྱོན་པའི་དབང་གིས་རྒྱ་དཀར་ཞེས་འབོད་པ་ལ་ཕྱིས་སུ་ སྒྲ་ཅུང་ཟད་འགྱུར་ནས་རྒྱ་གར་ཞེས་ཐོགས་པར་འདོད་པའམ། ཡང་ན་ཕྱིའི་རྒྱ་མཚོ་ཆེན་པོ་ལས་རིང་དུ་གནས་ཏེ་གར་བས་ན་རྒྱ་གར། རྒྱ་ནག་པོ་ལས་རིང་དུ་གར་བས་ན་རྒྱ་གར། རི་སྤོས་རྒྱ་དང་འདྲ་བར་ཡོད་པའི་བོད་ལས་ཕྱི་རོལ་དུ་གར་བས་ན་རྒྱ་གར། ཇ་གར་མ་དང་ཆང་གར་མ་ཟེར་བ་ལྟར་གར་མ་ནི་བཟང་བའི་བརྡ་ཡིན་པས་རྒྱ་གར་མ་ཞེས་ བཏགས་པར་འདོད་པ་སོགས་འདོད་ཚུལ་སྣ་ཚོགས་ཤིག་མཆིས་ཀྱང་། རྗེ་རིན་པོ་ཆེའི་ལེགས་བཤད་གསེར་ཕྲེང་དུ། རྒྱ་གར་ཞེས་པ་འདུལ་བའི་ཚིག་ལེ་ལས། གཉན་ཡོད་གནས་བཅས་ཙམ་པ་ཀ ། ཝཱ་ར་ཎ་སི་ཡངས་པ་ཅན། །རྒྱལ་བོའི་ཁབ་ནི་དྲུག་པ་སྟེ། །འདི་དག་གྲོང་ཁྱེར་ཆེན་པོར་ཤེས། །ཞེས་པ་ལྟར་གྲོང་ཁྱེར་ཆེན་པོ་དྲུག་གནས་པའི་ཕྱོགས་ལ་འདོད་རྒྱལ་དུ་བརྡ་བྱས་པ་ སྟེ། ཞེས་གསུངས་པ་ལྟར་བོད་ཀྱིས་བཏགས་པའི་འདོད་རྒྱལ་གྱི་མིང་ཡིན་ལ། རྒྱ་གར་བ་རང་གིས་སིན་དྷཱུའི་ཡུལ་ཞེས་འབོད་པའི་སྒྲ་འགྱུར་ཏེ་པར་སིག་པ་སོགས་ མང་བོ་ཞིག་གིས་ཧིན་དུ་ཞེས་འབོད་ཚུལ་གཤམ་དུ་དེབ་དཀར་རང་གཞུང་ལས་ཀྱང་གསུངས་ལ། དེའི་སྒྲ་ཉམས་ཏེ་རྒྱ་ནག་པ་སོགས་ཀྱིས་ཡུན་ཏུས (印度) སུ་འབོད་དོ། །རྒྱ་གར་བའི་ལོ་རྒྱུས་སོགས་འདིར་བྲིས་ན་མང་བར་འགྱུར་བས་རྒྱ་གར་ཆོས་འབྱུང་ སོགས་ལས་ཤེས་པར་བྱ་དགོས་སོ། །
  ༡༩ རྒྱལ་བོ་ཤྲཱི་ཧཪྵ______ལོ་རྒྱུས་ཀུན་དགའི་མེ་ལོང་དང་དུང་དཀར་ཚིག་མཛོད་དུ་ ཧར་ཤ་དང་རྒྱལ་བོ་ཤྲཱི་ཧར་ཤ་ཞེས་འབྱུང་ལ། རྒྱལ་བོ་འདི་ནི་༼༦༠༠-༦༤༧༽ སློབ་དཔོན་དབྱིག་གཉེན་གྱི་སྐུ་ཚེའི་སྨད་དུ་བྱོན་ཞིང་སློབ་དཔོན་ཡོན་ཏན་འོད་ ཀྱི་སྦྱིན་བདག་མཛད་མྱོང་བ་དང་། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བོད་སྐད་དུ་བསྒྱུར་ཅིང་ད་ལྟ་བསྟན་འགྱུར་ གྱི་ཁྲོད་ན་བཞུགས་པའི་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་རྩོམ་པ་བོ་ཡིན་ལ་ མཇུག་བྱང་དུ་དཔལ་དགའ་བའི་ལྷ་ཞེས་འབྱུང་བ་ཁོང་གི་མཚན་དོན་བསྒྱུར་བྱས་པ་ཡིན་ འདུག ལོ་རྒྱུས་ལ་ལར་རྒྱ་གར་གྱི་རྒྱལ་བོ་ཚུལ་ཁྲིམས་ཉི་མ་ཞེས་འབྱུང་བའང་ཁོང་ཡིན། རྒྱ་ནག་གི་སློབ་དཔོན་ཐང་སན་ཙང་སྟེ་སྡེ་སྣོད་གསུམ་པ་མཆོག་རྒྱ་གར་དུ་ཕེབས་ཚེ་ རྒྱལ་བོ་འདི་དང་དངོས་སུ་མཇལ་ཞིང་མཚན་ལ་ཚུལ་ཁྲིམས་ཉི་མར (戒日王) འབོད་ཚུལ་སོགས་ཁོང་གིས་མཛད་པའི་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་ པའི་དཀར་ཆག་ཅེས་པར་གསལ་བ་རྣམས་འདིར་ཉིང་བསྡུས་ཀྱིས་བཀོད་ན།
      ཁོང་རྒྱ་གར་དུ་ཕེབས་ཚེ་རྒྱལ་བོ་ཚུལ་ཁྲིམས་ཉི་མས་རྒྱལ་སྲིད་སྐྱོང་བའི་སྐབས་ ཡིན་ཞིང་། འཕགས་པ་སྤྱན་རས་གཟིགས་ཀྱིས་ཞལ་གཟིགས་ལུང་བསྟན་གནང་བར་བསྟེན་ཁྲི་ལ་འཁོད། ལོ་དྲུག་གི་རིང་ལ་དྲག་པོའི་དཔུང་ཆེན་བཤམས་ཏེ་རྒྱ་གར་གྱི་ ཕྱོགས་ལྔ་དབང་དུ་བསྡུས་ཤིང་མུ་སྟེགས་པ་མང་བོ་ཚར་བཅད། དེ་ནས་ལོ་སུམ་ཅུའི་རིང་ལ་མཚོན་ཆ་མི་བསྒུལ་བར་རྒྱལ་ཁམས་ཞི་འཇམ་གྱིས་བསྐྱངས། རྒྱ་གར་གྱི་ཡུལ་ཁམས་ཀུན་ཏུ་ཤ་ཟ་བ་དང་སྲོག་གཅོད་པའི་རྒྱུན་བཅད། མཆོད་རྟེན་སྟོང་ཕྲག་དུ་མ་བཞེངས། གཙུག་ལག་ཁང་དུ་མ་ཞིག་གསོས་མཛད། ལམ་འཕྲང་དང་སྲང་ལམ་གསར་དུ་བཅོས། སྦྱིན་གཏོང་རྒྱ་ཆེར་བྱས། ལོ་རེ་བཞིན་ཚོགས་ཆེན་རེ་བསྡུས་ཏེ་བཤགས་སྡོམ་སྔོན་དུ་འགྲོ་བའི་གསོ་སྦྱོང་ དང་། ཆོས་འདོན་པ། ཆོས་ཀྱི་བགྲོ་གླེང་བྱེད་པའི་སྲོལ་བཙུགས། ཆོས་འཆད་ཉན་བྱེད་པའི་མཁན་པོ་གསེར་ཁྲིར་བཞུགས་སུ་གསོལ་ནས་རྒྱལ་བོ་རང་ཉིད་ ཀྱིས་མཆོད་བཀུར་བླ་མེད་བྱེད། ཐང་ཟན་ཙང་དང་མཇལ་འཕྲད་བྱས་ཏེ་བགྲོ་གླེང་རྒྱུན་རིང་གནང་། བདེན་སྟོབས་བརྗོད་ན་མེའི་འཇིགས་པའང་ཞི་བར་བྱེད་ནུས་ལ། རང་ཉིད་ཀྱི་སྲོག་ལ་རྒོལ་མཁན་བྱུང་ནའང་ཁྲོ་བ་དང་འཁོན་ལན་མེད་པར་བཞུགས། ཉིན་རེར་ཆ་གསུམ་དུ་བགོས་པ་ལས་ཆ་གཉིས་ཆོས་ལྡན་གྱི་བྱ་བ་དང་། ཆ་གཅིག་སྲིད་ཀྱི་བྱ་བས་དུས་འདའ་བར་བྱེད་ཚུལ་སོགས་རྒྱས་པར་བསྟན་བཅོས་དེ་ཉིད་ ལས་ཤེས་པར་བྱའོ། །
      རྒྱལ་བོ་འདིས་མུ་སྟེགས་པ་མང་བོ་ཚར་བཅད་ཚུལ་སོགས་རྒྱ་གར་ཆོས་འབྱུང་ལས་འདི་ ལྟར་གསུངས་ཏེ། སློབ་དཔོན་དབྱིག་གཉེན་གྱི་སྐུ་ཚེའི་སྨད་ཙམ་གྱི་དུས་ན། རྒྱལ་བོ་ཟབ་མོ་འདས་འོག་ཏུ་ནུབ་ཕྱོགས་མ་རུའི་ཡུལ་དུ་སྐྱེས་པ། རྒྱལ་བོ་ཤྲཱི་ཧཪྵ་ཞེས་བྱ་བ། ལས་ཀྱི་སྟོབས་ཤིན་ཏུ་ཆེ་བ་ཞིག་བྱུང་སྟེ། ནུབ་ཕྱོགས་ཀྱི་ཁམས་ཐམས་ཅད་ལ་དབང་བསྒྱུར། ཕྱིས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཐོབ་སྟེ་སློབ་དཔོན་ཡོན་ཏན་འོད་བླ་མར་བཀུར་ བ་ཞིག་བྱུང་། ཞེས་དང་། རྒྱལ་བོ་ཤྲཱི་ཧཪྵ་འགྲན་ཟླ་མེད་པའི་རྒྱལ་བོར་གྱུར་བའི་ཚེ་ཀླ་ཀློའི་ཆོས་རྣམས་ ནུབ་པར་འདོད་ནས། ཡུལ་མཽ་ལ་ཏ་ན་དང་ཉེ་བའི་ཡུལ་ཕྲན་ཞིག་ཏུ། མ་སི་ཏ་སྟེ་ཀླ་ཀློའི་དགོན་པ་ཆེན་པོ་ཤིང་འབའ་ཞིག་གིས་བརྩིགས་ནས་ཀླ་ཀློའི་ སྟོན་པ་མཐའ་དག་བོས། ཟླ་བ་མང་བོར་ཡོ་བྱད་ཐམས་ཅད་བསྟབས། དེའི་རང་ལུགས་ཀྱི་གླེགས་བམ་ཐམས་ཅད་བསྡུས། ཐམས་ཅད་མེ་ལ་བསྲེགས་པས་ཀླ་ཀློའི་གྲུབ་མཐའ་འཛིན་པ་སྟོང་ཕྲག་བཅུ་གཉིས་ ཚིག་གོ། །ཞེས་དང་། དེ་རྗེས་སྡིག་པ་སྦྱོང་བའི་སླད་དུ་ཡུལ་ཁམས་མང་བོར་ནང་བའི་གཙུག་ལག་ཁང་མང་དུ་ བཞེངས། ཉིན་རེར་དགེ་སློང་སྟོང་ཕྲག་རེར་འཚོ་བ་སྦྱར། ནང་བའི་ཆོས་ཆེས་ཆེར་དར་བར་མཛད་པ་ཞིག་གོ། །ཞེས་འབྱུང་ངོ་། །
      སློབ་དཔོན་ནགས་ཀྱི་དཔའ་བོ་ཞེས་པས་མཛད་པའི་རྒྱལ་བོ་འདིའི་ལོ་རྒྱུས་ཚིགས་བཅད་ མ་ཞིག་རྒྱ་གར་ན་ཡོད་ཚུལ་འབྲེལ་ཡོད་ལོ་རྒྱུས་དག་ཏུ་གསལ་ལ། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་དུས་མཉམ་པ་ཞིག་ཡིན་འདུག་སྟེ། གཤམ་གྱི་དེབ་དཀར་རང་གཞུང་དུ། གོང་ནས་གསེར་ཡིག་པ་ཝང་ཧེན་ཙེ་བྱ་བ་རྟ་བ་སུམ་ཅུ་དང་བཅས་རྒྱ་གར་དུ་བཏང་། ༼སྤྱི་ལོ་༦༤༨ལོར་ཡིན་ཚུལ་ལོ་ཚིགས་དྭངས་ཤེལ་མེ་ལོང་དུ་གསལ། ༽ དེ་དུས་ཧཪྵ་གྲོངས་ཟིན་ཅིང་རྒྱལ་ཁམས་མི་བདེ་བའི་སྐབས་དང་འཕྲད། ཅེས་སོགས་གསུངས་པ་ལྟར་རོ། །
  ༢༠ རྒྱ་ནག______འདིའི་གོ་དོན་ནི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་ གྱིང་མ་ལས། རྒྱ་ནག་ལ་རང་རེས་འཁྲུག་ཆེན་བྱས་པ་ནི་གནམ་རི་སྲོང་བཙན་གྱི་དུས་ཙམ་ནས་ཡིན་ ཡང་། དེའི་གོང་ཡུན་རིང་བོ་ནས་རྒྱ་དང་འགྲས་ཆེ་བས་རྒྱ་ལ་འཛིང་ཡ་བྱས་ཙམ་དགྲ་གཞན་ལ་ བྱས་པ་མེད་ཅིང་། རྒྱ་ནག་པོ་དང་སོག་སེར་བོ་ཞེས་འབོད་པ་ཡིན་ལ། དེ་ཡང་སྔོན་གྱི་སྐད་ལ་ཡ་སྒྲ་ཅི་བས་མང་ཞིང་གྲི་ལ་གྱི། བཀྲོགས་ལ་བཀྱོགས་སོགས་ར་བཏགས་ཕལ་ཆེར་ཡ་བཏགས་སུ་ཡོད་པས་ཨ་མདོ་རྣམས་སུ་ད་དུང་ ཡང་དགྲ་ལ་རྒྱ། དགྲ་ཡ་ལ་རྒྱ་ཡ། དགྲ་ཐུ་ཤོས་ལ་རྒྱ་ནག་པོ་སོགས་སུ་འབོད་པ་ཡིན་ནོ། །དེས་ན་སྔོན་གྱི་ཚེ་ཙི་ན་ལ་རྒྱ་ཞེས་པའི་དོན་ཡང་དེ་ཁོ་ན་ཡིན་པར་ཐེ་ཚོམ་མེད། ཅེས་དང་། དེས་ན་རྒྱ་ནག་ཅེས་འབོད་པའང་དང་བོ་ངན་སྨྲས་ཡིན་མོད་ཕྱིས་འདོད་རྒྱལ་དུ་སོང་བ་ ཡིན་ནོ། །ཞེས་གསུངས། ཡང་ན་ཀུན་མཁྱེན་འཇིགས་མེད་གླིང་བས། སྤྱིར་འཇིག་རྟེན་གྱི་ཁྲིམས་དང་ལུགས་ཀྱི་བྱ་བ་གཅིག་བུ་བྱེད་པ་དང་། གོས་རྒྱན་དང་རྟེན་འབྲེལ་ནག་པོ་བཟང་བོར་འཛིན་པས་ན་དེ་སྐད་ཅེས་བཏགས། ཞེས་ཀྱང་གསུངས་སོ། །
  ༢༡ ཐང་གུར་གྱི་གོང་མ་ཐེ་ཙུང______ཐང་གུར་ནི་ཐང་རྒྱལ་ཁབ(唐国)ཅེས་པའི་རྒྱ་སྐད་ ཀྱི་སྒྲ་ཟུར་ཉམས་པ་ཡིན་ལ། གོང་མ་ཐེ་ཙུང་ནི་རྒྱ་ནག་ཐང་གི་རྒྱལ་རབས་གཉིས་པ་ཐང་ཐེ་ཙུང་ལས་ཧྲི་མེན(唐太宗李世 民)གྱི་མིང་སྟེ་སྲོང་བཙན་སྒམ་པོའི་བཙུན་མོ་རྒྱ་བཟའ་ཀོང་ཇོའི་ཡབ་ཡིན། སྤྱི་ལོ༦༡༧ལོར་ཁོ་དང་ཁོའི་ཡབ་ཐང་ཀའོ་ཙུའུ(唐高祖)གཉིས་ཀྱིས་སུའུ(隋)རྒྱལ་རབས་ལ་ གྱེན་ལོག་བྱས་ཏེ་རྒྱལ་ས་ཁྲང་ཨན་བླངས་ཤིང་སྤྱི་ལོ་༦༡༨ལོར་དངོས་སུ་ཐང་རྒྱལ་ རབས་བཙུགས། ཐང་གིས་ཁྱོན་རྒྱལ་རབས་ཉེར་བཞིའི་རིང་སྟེ་༼618-907༽ལོ་ངོ་ཉིས་བརྒྱ་དང་དགུ་ བཅུའི་ཡུན་ལ་སྲིད་དབང་བཟུང་། ཐང་རྒྱལ་རབས་ནི་རྒྱ་ནག་གི་ལོ་རྒྱུས་སྟེང་རྒྱལ་རབས་ཅུང་རིང་ཤོས་ཀྱི་གྲས་ཡིན་ ལ། སྤྱི་ཚོགས་དཔལ་འབྱོར་དང་ཆབ་སྲིད་མངའ་ཐང་། ཆོས་རིག་ལག་རྩལ་སོགས་ཆེས་ཆེར་དར་བའི་རྒྱལ་རབས་ཤིག་ཡིན་གཤིས། རང་རེའི་སྔོན་བྱོན་མཁས་པ་ཚོས་ཀྱང་། སྟོབས་འབྱོར་མངའ་ཐང་ཐང་གི་རྒྱལ་རབས་བཞིན། །ཞེས་བསྟོད་བསྔགས་དང་ཡིད་སྨོན་གྱི་གནས་སུ་བཟུང་འདུག  རྒྱ་བོད་བར་གཉེན་འབྲེལ་དང་རིག་གནས་ལག་རྩལ་སོགས་ཀྱི་འབྲེལ་བའང་གཙོ་བོ་ཐང་ རྒྱལ་རབས་སྐབས་ཙམ་ནས་བྱུང་བར་མངོན་ནོ། །
  ༢༢ ཏ་ཟིག______བོད་ཀྱི་ལོ་རྒྱུས་ཁག་ཏུ་ཏ་ཟིག  ཏཱ་སིག སྟག་སྡེ། སྟག་གཟིག་ཅེས་འབྲི་ཚུལ་མི་འདྲ་བ་དུ་མ་ཡོད། བློན་པོ་བཀའི་ཐང་ཡིག་ཏུ། ནུབ་ཕྱོགས་ཟླ་བ་ཚེས་པའི་འོག་ན་ནི། །ཏ་ཟིག་ནོར་གྱི་རྒྱལ་བོ་ཡོད་དོ་སྐད། །ཅེས་བོད་ཀྱི་ནུབ་ཕྱོགས་ན་ཡོད་པར་གསུངས་ཏེ། དེ་ནི་ཐོག་མར་ཨ་རབ(阿拉伯)ཕྱེད་གླིང་གི་ཤར་ཕྱོགས་ཧྲ་ཐེ་ཨ་ལ་པའོ(沙太拉伯)ཟེར་བ་དེ་ ཡིན་ཞིང་། དུས་རབས་བདུན་པའི་ནང་དབྱི་སི་ལན་ཆོས་ལུགས་ཀྱི་སྲོལ་བཏོད་པ་མོ་ཧན་མུ་ཏེ་ སོགས་ཀྱིས་སྣེ་ཁྲིད་བྱས་པར་བརྟེན། མོ་ཧན་མུ་ཏེ་ཚེ་ལས་འདས་ནས་རིང་བོར་མ་སོང་བར་ཨ་རབ་ཚོ་ཁག་གཅིག་གྱུར་གྱིས་ རྒྱལ་ཁབ་ཅིག་བཙུགས་པ་ལ་བོད་ཀྱིས་ཏཱ་སིག་རྒྱལ་ཁབ་ཟེར། དུས་རབས་བརྒྱད་པའི་དུས་དཀྱིལ་དུ་ཤར་ནུབ་རྒྱལ་ཁབ་གཉིས་སུ་གྱེས་པ་ལ་བོད་ཀྱིས་ གོས་ནག་ཏཱ་སིག་དང་གོས་དཀར་ཏཱ་སིག་ཟེར། རྒྱལ་བོ་སྲོང་བཙན་སྒམ་པོའི་སྐབས་གོས་དཀར་ཏཱ་སིག་དང་ཡང་འབྲེལ་འདྲིས་བྱུང་ ཞིང་དེ་ནི་དེང་སང་གི་ཨ་རབ(阿拉伯)རྒྱལ་ཁབ་ལ་ངོས་འཛིན་གྱིན་འདུག  ཏུན་ཧོང་ཡིག་ཆ་སོགས་སུ་གསལ་བའི་ཏཱ་སིག་ནི་གོས་ནག་ཏཱ་སིག་སྟེ་དེང་སང་དབྱི་རག (伊朗)རྒྱལ་ཁབ་ལ་ངོས་འཛིན་པར་བྱེད། རྒྱལ་ཁབ་འདིའི་ཐོག་མའི་མིང་ལ་པོ་སི(波斯)ཟེར་ལ། སྤྱི་ལོ་༡༩༣༥ལོར་དབྱི་རག(伊朗)ཏུ་མིང་བསྒྱུར་ཞིང་སྤྱི་ལོ་༡༩༧༩ལོར་དངོས་སུ་ རྒྱལ་ཁབ་ཀྱི་མིང་དུ་བཏགས་ཞེས་རྒྱ་ཡིག་གི་ལོ་རྒྱུས་དག་ཏུ་གསལ།
      བར་གྱི་སྟེང་གཉིས་ཀྱི་སྐབས་ནས་གོས་ནག་ཏཱ་སིག་དང་བོད་ལ་འབྲེལ་བ་ངེས་ཅན་ཞིག་ ཡོད་ཅིང་བོད་ཀྱི་ལོ་རྒྱུས་ལ་ལར་བོན་གྱི་སྟོན་པ་གཤེན་རབ་མི་བོར་གྲགས་པའང་ ཡུལ་དེ་ནས་བྱོན་པར་བཤད། མཚམས་རེར་ཕན་ཚུན་བར་འགལ་ཟླ་ཆེན་པོ་བྱུང་སྟེ་དམག་འཁྲུག་རྒྱུན་རིང་བྱས་པས་གེ་ སར་སྒྲུང་གི་སྟག་གཟིག་གཡུལ་འབྱེད་ཅེས་པའང་དོན་དངོས་ཀྱི་ལོ་རྒྱུས་དེར་ཁུངས་ བཅོལ་བ་ཡིན་ཚུལ་མཁས་དབང་དུང་དཀར་ཚང་གིས་གསུངས། ཏ་ཟིག་དང་བོད་གཉིས་འབྲེལ་བ་ཆེ་ཞིང་དེར་སྔོན་ནང་བའི་བསྟན་པ་དར་ཚུལ། བོད་ཀྱི་རྗེ་བློན་ཕལ་ཆེར་ཞིག་ཏ་ཟིག་གི་རྒྱན་དང་ཆས་གོས་ལ་ལད་མོ་བྱེད་རྒྱུར་ དགའ་ཚུལ་སོགས་གཤམ་གྱི་དེབ་དཀར་རང་གཞུང་དུའང་གསལ་བ་ལྟར་རོ། །
  ༢༣ ལྷ་སྲས་དར་མ______བོད་ཀྱི་རྒྱལ་རབས་ཞེ་གཉིས་པ་རྒྱལ་བོ་གླང་དར་མའི་མཚན་ཏེ་ འུ་དུམ་བཙན་པོར་ཡང་འབོད། ཁོང་ནི་རྒྱལ་རབས་བཞི་བཅུ་བ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ལ་སྲས་ལྔ་ འཁྲུངས་པའི་གཉིས་པ་སྟེ། ཕུ་བོ་གཙང་མ་རབ་ཏུ་བྱུང་ཞིང་ཐ་ཆུང་ལྷ་རྗེ་དང་ལྷུན་གྲུབ་གཉིས་ཆུང་དུས་ནས་ཚེ་ ལས་འདས། འུ་དུམ་བཙན་བླུན་ཞིང་བསམ་སྤྱོད་རྩུབ་པས་ཐོག་མར་ནུ་བོ་ཁྲི་རལ་བ་ཅན་རྒྱལ་སར་ འཁོད། ཆོས་སྲིད་གཉིས་ཆ་ནས་མཁྱེན་དཔྱོད་ཆེ་བ་ཞིག་ཡིན་ཡང་དགུང་ལོ་སོ་དྲུག་སྟེང་ བློན་པོ་དབས་ཏོ་རེ་དང་ཅོག་རོ་ལེགས་སྒྲ་གཉིས་ཀྱིས་ཞལ་ལྟག་པར་བསྒྱུར་ཏེ་ བགྲོངས་པས་འུ་དུམ་བཙན་ཁྲི་ལ་བཀོད། རེ་ཞིག་རྒྱལ་སྲིད་ཚུལ་བཞིན་དུ་བསྐྱངས་ཀྱང་བློན་པོ་མ་རུང་བ་འགས་བློ་བསྒྱུར་ ཞིང་རང་ཉིད་ཀྱང་བསམ་སྤྱོད་མ་རུང་བའི་དབང་དུ་སོང་སྟེ། ཆོས་བྱས་པ་བཀྲ་མི་ཤིས་པའི་རྒྱུ་ཡིན་པར་བརྗོད་ནས་ལོ་ཙཱ་བ་མང་བོ་བཀྲོངས་ཤིང་ པཎྡི་ཏ་རྣམས་ས་མཐར་བསྐྲད། རབ་ཏུ་བྱུང་བ་རྣམས་ལ་ལུང་ཀུན་ཏུ་བྲོས། མ་ཐར་བ་རྣམས་ཁྱིམ་སར་ཕབ། མི་ཉན་པ་རྣམས་བསད། ལ་ལ་རྒྱལ་བློན་ཚོའི་རྟ་འབབ་འཛེགས་ཀྱི་སྟེགས་དང་འགའ་རེར་རི་དྭགས་རྔོན་དུ་ བཅུག  ལྷ་ས་དང་བསམ་ཡས་བཤས་ར་བྱས། གཙུག་ལག་ཁང་མང་བོ་བཤིགས། དཔེ་ཆ་རྣམས་མེ་ལ་སྲེག་པ་དང་ཆུ་ལ་སྐུར་བ། ས་འོག་ཏུ་གནོན་པ་ཅི་རིགས་བྱས། བོད་འབངས་རྣམས་ལ་སྡིག་བཙིར་ཚད་མེད་བཏང་བས་འཚོ་བ་ཉིན་རེ་བཞིན་ཇེ་སྡུག་ཏུ་ སོང་བ་སོགས་ཀྱིས་བོད་ཀྱི་སྲིད་འབྱོར་རིག་གསུམ་ལ་ཉམས་རྒུད་ཆེན་པོ་བྱུང་བ་ན། ལྷ་ལུང་དཔལ་རྡོར་གྱིས་མ་བཟོད་པར། ཉིན་ཞིག་རྒྱལ་བོས་རྡོ་རིང་གི་ཡི་གེ་ཀློག་གིན་པའི་སྐབས་དང་བསྟུན་ནས་ལྕགས་ མདའ་འཕངས་ཏེ་བཀྲོངས་སོ། །འུ་དུམ་བཙན་གྱིས་ལོ་དྲུག་ལ་རྒྱལ་སྲིད་བཟུང་། བཙུན་མོ་སྣ་ནམ་བཟའ་དང་ཚེ་སྤོང་བཟའ་གཉིས་ཁབ་ཏུ་བཞེས་པ་ལ་སྲས་ཡུམ་བརྟན་༼རྒྱལ་ བོའི་སྲས་ཡིན་མིན་ལ་རྩོད་པ་ཡོད།༽དང་འོད་སྲུང་གཉིས་འཁྲུངས། འུ་དུམ་བཙན་ནི་སྤྱི་ལོ་༨༦༣ལོར་འཁྲུངས་ཤིང་༩༠༦ལོར་གཤེགས་ཞེས་བོད་ཀྱི་ལོ་ རྒྱུས་ཀུན་དགའི་མེ་ལོང་སོགས་མང་བོར་གསུངས་ལ་བཞེད་ཚུལ་གཞན་དང་གཞན་ཡང་ཡོད།
      འུ་དུམ་བཙན་ནས་བཙན་པོའི་གདུང་རྒྱུད་ཀྱིས་བོད་ཁམས་ཡོངས་ལ་དབང་བསྒྱུར་བའི་ལོ་ རྒྱུས་ཀྱི་མཇུག་རྫོགས་ཤིང་བོད་ཁམས་སིལ་བུར་འཐོར་བའི་བཟོད་མེད་ཀྱི་གོད་ཆག་ ཅིག་བྱུང་བ་དོན་དངོས་ཡིན་མོད། ད་ལྟ་མང་བོ་ཞིག་གིས་དེ་ནི་ལྷ་ལུང་དཔལ་རྡོར་གྱིས་འུ་དུམ་བཙན་པོ་བཀྲོངས་པའི་ ནོར་འཁྲུལ་ཁོ་ན་ལ་ཐུག་པར་སྨྲ་བ་ནི་ཞིབ་ཏུ་མ་དཔྱད་པའི་གཏམ་ཞིག་སྟེ། བཙན་པོ་སྔ་མའི་ཁྲོད་དུའང་དམར་གསོད་བཏང་བ་རེ་འགའ་ཡོད་པར་མ་ཟད། རྒྱལ་ཁབ་དང་མི་རིགས་གཞན་ལའང་རྒྱལ་བོ་བཀྲོངས་པའི་ལོ་རྒྱུས་མང་བོ་ཡོད་ཀྱང་ དེའི་བུ་རྒྱུད་དང་བློན་པོ། བཙུན་མོ་སོགས་ཅི་རིགས་ཀྱིས་སྲིད་འཕྲོ་བསྐྱངས་པའམ་སྲིད་དབང་གསར་འཛུགས་སོགས་ ཐབས་ལམ་སྣ་ཚོགས་ཀྱིས་རྒྱལ་ཁབ་སྲུང་སྐྱོབས་བྱས་པས་འཐོར་ཞིག་ཏུ་སོང་བ་ཧ་ཅང་ ཉུང་། དེས་ན་བོད་ཁམས་སིལ་བུར་འཐོར་བའི་གནད་དོན་གཙོ་བོ་དེ་འུ་དུམ་བཙན་བཀྲོངས་པ་ཙམ་ གྱི་སྟེང་ན་མེད་པར་ཕྱི་རྐྱེན་ནང་རྐྱེན་མང་བོ་ཞིག་ལ་ཐུག་ཡོད་པ་འདི་ནི་ངེས་ པར་དུ་ཤེས་དགོས་པ་ཞིག་གོ་སྙམ།
  ༢༤ འབངས་གྱེན་ལོག་བྱུང་བ______ཁེང་ལོག་གམ་འབངས་གྱེན་ལོག་འདི་ནི་བོད་གཅིག་གྱུར་ གྱི་རྒྱལ་རབས་ཞེ་གཉིས་པ་རྒྱལ་བོ་གླང་དར་མའམ་འུ་དུམ་བཙན་བཀྲོངས་རྗེས་སྲས་ འོད་སྲུང་དང་ཡུམ་བརྟན་གཉིས་ནང་མ་མཐུན་པར་དབུ་རུ་དང་གཡོ་རུ་བཟུང་སྟེ་འཁྲུག་ པ་བྱུང་ཞིང་། འབངས་རྣམས་སྔར་འུ་དུམ་བཙན་རྒྱལ་བློན་གྱི་བྱེད་ཐབས་ལའང་སྙིང་ནས་མི་དགའ་བ་ ཆེན་པོ་ཡོད་པས། བོད་ཀྱི་ཡུལ་གྲུ་ཕལ་མོ་ཆེར་ནང་འཁྲུག་བྱུང་ཞིང་སྤྱི་ལོ༦༢༩ལོར་༼ལོ་ཚིགས་འདི་ ནི་མཁས་དབང་དམུ་དགེ་རིན་པོ་ཆེས་མཛད་པའི་ལོ་རྒྱུས་ཀུན་དགའི་མེ་ལོང་གཞིར་བཞག་ པ་སྟེ་བཞེད་ཚུལ་གཞན་དང་གཞན་ཡང་ཡོད། ༽ དབས་ཁོ་བཞེར་ལེགས་སྟེང་བྱ་བས་སྣེ་ཁྲིད་དེ་མདོ་སྨད་ནས་ཁེང་ལོག་བྱུང་ཞིང་། རིམ་གྱིས་དབུ་རུ་སོགས་ནས་ཁེང་ལོག་བྱུང་སྟེ་མཐོ་རིམ་མི་སྣ་མང་བོ་བསད། སྤྱི་ལོ་༩༣༧ལོར་ཤུད་བུ་སྟག་རྩེ་སོགས་མི་བཞིས་སྣེ་ཁྲིད་དེ་དོན་མཁར་མདའ་ཡི་ བང་སོ་དང་། སེང་གེ་ཅན་གྱི་བང་སོ། འཕྲུལ་རྒྱལ་བང་སོ་སོགས་ཕལ་ཆེར་གཏིང་ནས་བྲུས་ཏེ་བགོ་བཤའ་བརྒྱབ། འདི་ནི་བོད་ཉམས་རྒུད་དུ་ཐེབས་པའི་དུས་གཙོ་བོ་ཞིག་སྟེ། ལོ་རྒྱུས་ཁུངས་བཙུན་དག་ཏུ། བང་སོ་བཤིག་པ་སོགས་བྱས་པའི་རྐྱེན་ལས་རྒྱལ་སྲིད་སིལ་བུར་གྱུར་ཏེ་བོད་སྤྱི་ལ་ དབང་བའི་རྒྱལ་བོ་མེད་པར། ལུང་བ་རེ་ལ་སྡེ་དཔོན་རེ་དང་། སྡེ་དཔོན་རེ་རེས་རྫོང་བཙན་པོ་རེ་བརྩིགས་ཏེ་མངའ་འབངས་ཅུང་ཟད་རེ་ལ་དབང་བྱས། རང་སྡེ་སྲུང་བའི་དམག་མི་ཉུང་ཤས་རེའང་ཉར། མཐའ་མཚམས་སུ་ཡོད་པའི་ཞི་དྲག་དཔོན་རིགས་དང་། དཔྱ་ཁྲལ་བསྡུ་བའི་དཔོན་རིགས་རྣམས་ཀྱིས་ཀྱང་དབུས་གཙང་གི་གནས་ཚུལ་ཐོས་མ་ཐག་ རང་ཡུལ་དུ་ལོག་རྒྱུའི་བསམ་བློ་མ་བཏང་བར། མཐའ་མཚམས་སོ་སོ་ལ་དབང་བྱས་ཏེ་མདོ་སྨད་ཨ་མདོ་ཁུལ་དང་། རྒྱལ་རོང་། རྒྱལ་ཐང་། ལྷོ་འབྲུག་ཁུལ་སོགས་ལ་གཞིས་ཆགས་ཏེ་བསྡད། ཅེས་འབྱུང་བ་ལྟར་རོ། །
  ༢༥ རྒྱལ་རྒྱུད་རྣམས་ཀྱི་བཞུགས་ས་ཡུལ་དུ་མར་སྤོས______ལྷ་ལུང་དཔལ་རྡོར་གྱིས་ བོད་ཀྱི་རྒྱལ་རབས་ཞེ་གཉིས་པ་འུ་དུམ་བཙན་པོ་བཀྲོངས་རྗེས་བོད་ཁམས་ཡོངས་ལ་དབང་ བསྒྱུར་བའི་རྒྱལ་བོ་མ་བྱུང་བར་རྒྱལ་ཕྲན་སིལ་མའི་རྣམ་པར་ཕྱོགས་སོ་སོར་གྱེས་ སྟབས། རྒྱལ་རྒྱུད་རྣམས་ཀྱི་བཞུགས་སའང་ཡུལ་དུ་མར་སྤོས་ཤིང་གཞིས་ཆགས་པ་ཡིན་ཏེ། འུ་དུམ་བཙན་དང་བཙུན་མོ་ཆེ་བ་སྣ་ནམ་བཟའ་གཉིས་ཀྱི་སྲས་དོགས་གཞི་ཅན་ཁྲི་ལྡེ་ ཡུམ་བརྟན་གྱིས་དབུ་རུ་སྟེ་དེང་གི་ལྷ་ས་གཙོ་བྱས་པའི་ཡུལ་གྲུ་ཁག་ཅིག་བཟུང་ སྟེ་དེར་རྒྱལ་སྲིད་བཙུགས་པ་དང་། དེའི་སྲས་ཁྲི་ལྡེ་མགོན་གཉེན་དང་། དེའི་སྲས་རིག་པ་མགོན་དང་ཉི་མ་མགོན། ཉི་མ་མགོན་གྱི་སྲས་ཉི་འོད་དཔལ་མགོན་སོགས་ཀྱིས་རིམ་བཞིན་དབུས་ཕྱོགས་ལ་དབང་ བསྒྱུར་བས་ལྷ་སའི་རྒྱལ་རྒྱུད་ཅེས་པ་བྱུང་།
      ཨུ་དུམ་བཙན་དང་བཙུན་མོ་ཆུང་བ་ཚེ་སྤོང་བཟའ་བཙན་མོ་འཕན་གཉིས་ཀྱི་སྲས་རྩོད་ མེད་གནམ་ལྡེ་འོད་སྲུང་གིས་ལྷོ་ཁའི་ཡུམ་བུ་བླ་སྒང་བཟུང་སྟེ་ཡར་ལུང་གི་ཡུལ་ གྲུ་རྣམས་ལ་དབང་མཛད། དེའི་སྲས་མངའ་བདག་དཔལ་འཁོར་བཙན་དང་། དེའི་སྲས་ཁྲི་བཀྲ་ཤིས་བརྩེགས་དཔལ། དེའི་སྲས་དཔལ་ལྡེ་དང་འོད་ལྡེ། སྐྱིད་ལྡེ་སྟེ་སྨད་ཀྱི་ལྡེ་གསུམ་དུ་གྲགས་པ་སོགས་ཀྱིས་ཡར་ལུང་ཕྱོགས་ཀྱི་ས་ གནས་མང་བོར་དབང་བསྒྱུར་བས་ཡར་ལུང་རྒྱལ་རྒྱུད་ཅེས་པ་བྱུང་།
      མངའ་བདག་གནམ་ལྡེ་འོད་སྲུང་གི་སྲས་དཔལ་འཁོར་བཙན་ཡིན་ལ། དེའི་སྲས་སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སུ་བྱོན་ཏེ་རྗེ་བོ་མཛད། སྤུ་རངས་སུ་སྐུ་མཁར་ཉི་བཟུང་བརྩིགས། དེའི་བཙུན་མོ་ཅོག་རོ་བཟའི་སྲས་ཆེ་བ་དཔལ་ལྡེ་རིག་པ་མགོན་གྱིས་མང་ཡུལ་ལམ་མར་ ཡུལ་བཟུང་ཞིང་ཕྱིས་སུ་ལ་དྭགས་རྒྱལ་རབས་བཙུགས།   སྲས་བར་བ་བཀྲ་ཤིས་ལྡེ་མགོན་གྱིས་སྤུ་རངས་བཟུང། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང་བ་ལ་ཕྱིས་ཀྱི་གུ་གེའི་རྒྱལ་རྒྱུད་ བྱུང་། དེ་དག་ལ་མངའ་རིས་རྒྱལ་རྒྱུད་དུ་འབོད་དོ། །
      ཨུ་དུམ་བཙན་གྱི་སྲས་གནམ་ལྡེ་འོད་སྲུང་། དེའི་སྲས་མངའ་བདག་དཔལ་འཁོར་བཙན། དེའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ། དེའི་སྲས་འོད་ལྡེ་ལ་སྲས་བཞི་བྱུང་བའི་གཉིས་པ་ལྷ་སྲས་ཁྲི་ལྡེའམ་རྒྱལ་སྲས་ ཀྱིས་རང་གི་མངའ་འབངས་པྲ་ལྡེ་༼པྲ་ལྡེའི་བརྡ་འགྱུར་ནས་ཕྱིས་སུ་པྲ་སྟི་ཟེར་ ཞེས་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་རྣམ་ཐར་ལས་གསུངས།༽ཞེས་པ་ཁྲིད་ནས་མདོ་སྨད་མཚོ་ ཆེན་ཁྲི་ཤོར་རྒྱལ་མོའི་ཉེ་འདབས་སུ་བྱོན་ནས་ས་བཟུང་ཞིང་དཔོན་མཛད་ལ། དེའི་གདུང་རྒྱུད་རིམ་བྱོན་གྱིས་ཙོང་ཁ་བདེ་ཁམས་བཅོ་བརྒྱད་ཀྱིས་གཙོས་མདོ་སྨད་ ཕལ་ཆེར་ལ་དབང་བསྒྱུར་བས་ཙོང་ཁའི་རྒྱལ་རྒྱུད་དུ་གྲགས་པ་བྱུང་ངོ་། །དེ་ལྟར་བོད་བཙན་པོའི་རྒྱལ་རྒྱུད་རྣམས་ཕྱོགས་སོ་སོར་གནས་སྤོས་ཏེ་རང་ཚོད་ ཀྱིས་ཡུལ་ལུང་མང་བོར་དབང་བསྒྱུར་བ་ཡིན་ནོ། །
  ༢༦ སྟོད་སྨད་ཀྱི་ཧོར་དམག་གི་འཇིགས་པ་ལན་གཉིས་སམ་གསུམ་དུ་བྱུང______ལོ་རྒྱུས་ ཀྱི་དུས་སྐབས་མི་འདྲ་བའི་དབང་གིས་ཧོར་ཞེས་པ་འདི་ལའང་གོ་བ་ལེན་སྟངས་སྣ་ཚོགས་ ཤིག་ཡོད་འདུག་སྟེ། སྐབས་རེར་སོག་པོ་ལ་ཧོར་དང་། སྐབས་རེར་བོད་བྱང་ཕྱོགས་ཀྱི་འབྲོག་པ་རྣམས་ལ་ཧོར། སྐབས་རེར་གྲུ་གུ་རྒྱལ་ཕྲན་ལ་ཧོར་ཞེས་བཤད་པའང་འདུག འདིར་བཤད་པའི་ཧོར་ནི་སོག་པོ་ལ་གོ་དགོས་ཤིང་། ཧོར་ཆོས་འབྱུང་སོགས་སུ་གྲི་གུམ་བཙན་པོའི་སྲས་ཉ་ཁྲི་སྟེ་སོག་སྐད་དུ་བོར་ཏ་ ཞེས་པ་སོག་པོའི་རྒྱལ་བོ་ཐོག་མར་བཞུགས་པར་བཤད།
      སོག་པོའི་རྒྱལ་བོ་སེ་ཆེན་ཧན་གྱི་ཕུ་བོ་ཧུ་ལ་ཧུས་ལ་རྒྱལ་ས་མ་ཐོབ་པའི་སྐལ་བར་ དམག་འབུམ་ཚོ་གཅིག་བྱིན་པ་ཁྲིད་ནས་བོད་ཀྱི་སྟོད་ཁུལ་དུ་གཞིས་ཆགས་པའི་ཕྱོགས་ ཁག་དེར་སྟོད་ཧོར་དང་། ཙི་ནའི་དམག་དཔོན་སོག་པོ་ཐི་མུར་བྷོ་ཁའི་ཕྱོགས་ཁག་དེར་སྨད་ཧོར་ཞེས་འབོད་པར་ བཤད་ལ། ལོ་རྒྱུས་ཀྱི་འཕོ་འགྱུར་དང་མིའི་རིགས་ཀྱི་འགལ་འདུ་སོགས་ཀྱི་དབང་གིས་སྤྱི་ ལོ་༡༡༩༥ལོར་ཧོར་ཇིང་གུར་རྒྱལ་བོའི་དམག་བོད་དུ་སླེབས་ཏེ་རྒྱུ་ནོར་མང་བོ་ ཁྱེར་ཞིང་ཧོར་ལ་ཁྲལ་འཇལ་རྒྱུའི་ཡི་གེ་འབྲི་རུ་བཅུག  ཧོར་རྒྱལ་གོ་དན་གྱི་བློན་པོ་དོར་རྟ་ནག་པོས་སྤྱི་ལོ་༡༢༤༠ལོར་ཧོར་དམག་བོད་ལ་ དྲངས་ཏེ། མདོ་སྟོད། མདོ་སྨད། སོག་ཆུ་ཁ་རྣམས་སུ་བོད་མཐོང་ཚད་བསད་ཅིང་། རྒྱལ་ལྷ་ཁང་དང་རྭ་སྒྲེང་མེར་བསྲེགས། གྲྭ་བ་ལྔ་བརྒྱ་ཙམ་བསད། སྤྱི་ལོ་༡༢༥༢ལོར་ཧོར་གོ་དན་རང་གིས་དམག་སྣ་དྲངས་ཏེ་བོད་དུ་ཡོང་བར་ལམ་ནས་འདས་ ཀྱང་བློན་པོ་དོར་བྷ་ཏས་དམག་སྣ་དྲངས་ཏེ་བོད་ཁམས་མང་བོ་བཅོམ། གོ་དན་འདས་རྗེས་སུའང་ཧོར་དམག་བོད་དུ་སླེབས་ཏེ་མོན་མཁར་མགོན་པོ་གདོང་བཅོམ་ ནས་མི་ཤིན་ཏུ་མང་བོ་བསད།
      དུས་རབས་བཅོ་བརྒྱད་པའི་དུས་འགོར་ལྷ་བཟང་ཀླུ་དཔལ་ལམ་ཡོངས་གྲགས་སུ་རྒྱལ་བོ་ ལྷ་བཟང་ཁང་ཞེས་པས་དམག་དཔུང་ཆེན་པོ་ཕྱོགས་གཉིས་ནས་བོད་ལ་དྲངས་ཏེ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས་ཤིང་མི་ལོ་བཅུ་གཉིས་ལ་བོད་ཁམས་དབང་དུ་ བསྡུས། སྤྱི་ལོ་༡༧༠༦ལོར་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཁྲི་ལས་ཕབ་ཅིང་སེ་འབྲས་གཉིས་ཀྱི་ གྲྭ་བ་མང་བོ་དམར་གསོད་བཏང་། སྤྱི་ལོ ༡༧༡༧ ལོར་ཧོར་ཇིན་གར་རྒྱལ་བོ་ཚེ་དབང་རབ་བརྟན་གྱི་དམག་བོད་ལ་སླེབས་ཏེ་བཙན་གནོན་ བྱས་པ་སོགས་བོད་ལ་ཧོར་དམག་གི་འཇིགས་པ་ལན་དུ་མར་བྱུང་མྱོང་།
  ༢༧ བོད་དམག་རྒྱ་གར་དུ་སླེབས__ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ཏེ་སྤྱི་ལོ ༦༤༨ ལོར་བོད་དམག་སྟོང་ཕྲག་བཅུ་གཉིས་༼དེབ་དཀར་དུ་ཆིག་སྟོང་ཉིས་བརྒྱ་ཞེས་གསུངས། ༽དང་། བོད་ཀྱི་མངའ་འབངས་སུ་གཏོགས་པའི་བལ་ཡུལ་ནས་རྟ་དམག་སྟོང་ཕྲག་བདུན་རྒྱ་གར་དུ་ བཏང་སྟེ་རྒྱ་གར་བ་ཆིག་ཁྲི་སུམ་སྟོང་ཙམ་བསད་བཟུང་བྱས་པ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུའང་བོད་དམག་བྱེ་བ་ཁ་ཤས་རྒྱ་གར་དུ་ སླེབས་པ་ཡིན་འདུག་སྟེ། བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ལས། རྒྱ་གར་མ་ག་དྷ་ནས་སངས་རྒྱས་ཀྱི་རིང་བསྲེལ་སྤྱན་འདྲེན་པའི་ཕྱིར་དུ། འགོས་ཀྱིས་དམག་དཔོན་བྱས་ནས་རྟ་དམག་བྱེ་བ་ཁ་ཤས་སོང་ནས་མ་ག་དྷར་དམག་འཇུག་བྱས་ ཏེ། མ་ག་དྷའི་རྒྱལ་བོས་དཔྱ་དང་སྐྱེས་ལོ་ལྟར་འབུལ་རྒྱུ་ཁས་བླངས། རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་ལ་མཆོད་པ་ཕུལ། དེ་གའི་མཆོད་རྟེན་ནང་ནས་སངས་རྒྱས་ཀྱི་རིང་བསྲེལ་བྲེ་དྲུག་སྤྱན་དྲངས། ཆུ་བོ་གང་གཱའི་འགྲམ་དུ་བོད་ཀྱི་ས་མཚམས་བྱས་ནས་རྡོ་རིང་བཙུགས། བྱེ་ཁུང་དུ་ལྕགས་ཀྱི་ཀ་བ་བཙུགས་སོ། །ཞེས་གསུངས་པ་ལྟར་ཏེ་འདི་དག་གི་སྐོར་གཤམ་གྱི་དེབ་དཀར་རང་གཞུང་དུའང་ཐོར་བུར་ ཐོར་བུར་གསུངས་ཡོད་དོ། །
      དེབ་དཀར་ལས། དེའི་འོག་ཏུ་སླར་ཡང་མུ་ཏིག་བཙན་པོས་༼ལོ་རྒྱུས་མང་བོར་མུ་ཏིག་བཙན་པོ་རྒྱལ་ བོ་བཞུགས་པར་མི་འདོད།༽སྲིད་འཕྲོ་འཛིན་པའི་སྐབས། རྒྱ་གར་གྱི་རྒྱལ་བོ་དྷརྨ་པཱ་ལ་བོད་དུ་འཁྲིད་དེ། བཟང་བཙོན་གྱི་ཚུལ་དུ་བཞག་ལ། དེས་ཕོ་ཡོང་བཟའ་བྱ་བའི་ཇོ་མོ་ཞིག་བཞེས་པ་ལ་འཕྱོང་རྒྱས་ཟ་ཧོར་མའི་རིགས་དེ་ མཆེད་དོ་ཞེས་རྒྱལ་དབང་ལྔ་བ་ཆེན་མོས་གསུངས་སོ། །ཞེས་འབྱུང་།
      གཞན་ཡང་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ངེས་པར་དུ་དཔྱད་ཞིབ་གནང་དགོས་པ་ཞིག་ལ། གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང་ཞེས་པར་གནམ་ རི་སྲོང་བཙན་གྱི་ལོ་རྒྱུས་གསུང་སྐབས། རྒྱ་གར་རམ་ལྷོ་ཕྱོགས་བྲམ་ཟེའི་ཡུལ་ལ་དབང་བསྒྱུར་ཚུལ་ནི། དེང་དུས་ཀྱི་བལ་ཡུལ་རྒྱལ་རབས་ནང་གསལ་བ་འདི་ལྟར་ཞེས་བལ་ཡིག་དུམ་ཚན་ཞིག་དྲངས་ མཐར། དེའི་དོན་བསྡུས་ན་འདི་ལྟར། བལ་ཡུལ་གྱི་རྒྱལ་བོ་ཞི་བ་ལྷ་དང་འོད་ཟེར་གོ་ཆ་གཉིས་ཀྱིས་རྒྱལ་སྲིད་བཟུང་བའི་ སྐབས་ཡིན་ཞིང་། བྱང་ཕྱོགས་བོད་ཀྱི་རྒྱལ་ཁབ་དེ་ཤིན་ཏུ་ནས་སྟོབས་འབྱོར་ཅན་ཞིག་རེད། གནམ་རི་སྲོང་བཙན་ཞེས་པའི་རྒྱལ་བོ་དེས་རང་ཉིད་ཀྱིས་རྒྱལ་ཁབ་སྟོབས་ཆེན་ཞིག་ བཟོས་པ་རེད། རྒྱལ་བོ་དེ་ལ་དམག་འབུམ་ལྷག་ཙམ་ཡོད། དམག་དཔུང་གི་དྲག་པོའི་སྟོབས་ཤུགས་ཀྱིས། རྒྱ་གར་གྱི་ཡུལ་དབུས་དང་། མ་ག་དྷ། རྒྱ་གར་གྱི་བྱང་ཕྱོགས་བཅས་ལ་དྲག་པོས་དབང་བསྒྱུར་བྱས་པ་རེད། ཅེས་གསལ་བས་རང་ཅག་བོད་ཀྱི་རྒྱལ་རབས་སྨྲ་བ་རྣམས་ལ་མ་གྲགས་ཀྱང་དུས་རབས་ཉི་ཤུ་ བའི་ཕྱི་རྒྱལ་གྱི་རྒྱལ་རབས་སྨྲ་བ་རྣམས་ལ་གྲགས་ཤིང་། འདི་ལ་དཔག་ན་བལ་ཡུལ་ནི་དེ་སྐབས་བོད་ཀྱི་ཆབ་འབངས་སུ་ཡོད་པ་གོར་མ་ཆག ཅེས་གསུངས་འདུག་པ་དེའོ། །
  ༢༨ བལ་ཡུལ་ནི་དེའི་གོང་སྔ་མོ་ཞིག་ནས་བོད་ཀྱི་ཆབ་འོག་ཏུ་ཆུག______སྤྱི་ལོ ༦༣༩ ལོར་བལ་བཟའ་ཁྲི་བཙུན་སྲོང་བཙན་སྒམ་པོའི་བཙུན་མོར་གདན་དྲངས་ཚེ་བོད་ཀྱི་ནུབ་ ཕྱོགས་སུ་ཡོད་པའི་བལ་ཡུལ་བོད་ཀྱི་མངའ་ཁོངས་སུ་བསྡུས་མེད་ཀྱང་། ༼གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་སུ། གནམ་རི་སྲོང་བཙན་སྐབས་ནས་བལ་ཡུལ་བོད་ཀྱིས་དབང་བསྒྱུར་བྱས་པ་བལ་བོ་རང་གི་ལོ་ རྒྱུས་སུ་གསལ་ཚུལ་དང་། སྲོང་བཙན་སྒམ་པོས་བསྐྱར་དུ་དབང་བསྒྱུར་བྱས་པ་ཡིན་ཚུལ་ཞིབ་ཕྲར་གསུངས་འདུག་ པས་དཔྱད་དགོས་སོ། །༽ རྒྱ་གར་ལ་བོད་དམག་མ་དྲངས་པའི་སྔ་རོལ་ཙམ་ལ་༼དེབ་དཀར་དུ་སྲོང་བཙན་གྱི་སྐུ་ ཚེའི་སྨད་ཙམ་དང་བོད་ཀྱི་སྲིད་དོན་རྒྱལ་རབས་སུ་ལྕགས་བྱ་སྟེ་སྤྱི་ལོ ༦༤༠ ལོར་དབང་དུ་བསྡུས་པར་གསུངས།༽བལ་བོའི་རྒྱལ་བོ་ཡུ་སྣ་ཀུག་ཏྀ་བྱ་བ་བཀུམས་ནས་ སྣ་རྀ་བ་ཞེས་པ་རྒྱལ་བོར་བསྐོས། སྲིད་དབང་བོད་ལ་གཏོགས་པར་བྱས་པ་ནས་ཁྲི་ལྡེ་གཙུག་བརྟན་གྱི་མཇུག་བར་དུ་བོད་ ཀྱི་ཆབ་འོག་ཏུ་ཡོད་པར་མངོན་ལ། ད་དུང་ཡང་ཁོང་ཚོའི་ཁྲོད་ན་བོད་ཀྱི་རུས་རྒྱུད་མ་ཆད་པའི་མི་སྡེ་སོགས་མང་དུ་ ཡོད་དེ། གསེར་ཐང་ལས། བལ་ཡུལ་དེ་ཕྱོགས་ཐམས་ཅད་རིས་བསྐོར་བའི་ལུང་མཐིལ་གྱི་ཐང་དུ་ཆགས། ཡུལ་མི་སུམ་ཆ་གཅིག་ཙམ་བོད་རང་གི་རིགས་སུ་གཏོགས། ཡུལ་མིང་ཡང་འཕན་པོ་དང་། ཕམ་ཐང་། རྟ་མང་། གཙང་ཁུག་སོགས་བོད་སྐད་འདྲ་བ་མང་། མི་ཁྱིམ་འགའ་རེ་ལ་ཀློག་མི་གཏུབ་པའི་སྐད་བོད་ཡིག་ཏུ་བྲིས་པའི་གླེགས་བམ་སོགས་ ཀྱང་འདུག སྐད་ནི་གཅིག་ལ་གཅིག་ག་དང་། དེ་བཞིན་གཉིས་ཀ  གསུམ་ཀ་སོགས་དང་། མིག་ལ་མི་ག  རྣ་བ་ལ་རྣ་བོ། སྣ་ལ་སྣེ། ལག་པ་ལ་ལག་སོགས་བོད་སྐད་གསར་བ་ཙམ་དུ་སྣང་། ཞེས་དང་། མང་སློན་མང་བཙན་དང་ཁྲི་ལྡེ་གཙུག་བཙན་སོགས་ཀྱི་སྐབས་སུ་འདི་ཧྲིལ་བོ་བོད་ཀྱི་ ཆབ་འོག་ཏུ་ཡོད་པར་ཁོ་བོས་གསལ་བར་ཤེས། ཞེས་དང་། བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ལས། དེ་རྗེས་བལ་ཡུལ་ཡང་བོད་ཀྱི་མངའ་འོག་ཏུ་བཅུག ༼ སྲོང་བཙན་སྒམ་པོའི་སྐབས་ཡིན། ༽དེའི་རྟགས་སུ་ད་ལྟའང་བལ་བོའི་མི་རིགས་ཀྱི་ནང་དུ་གཙང་དང་། བླ་མ་དང་། ཤར་བ། རྟ་མང་སོགས་བོད་རིགས་ཡོད་ལ། བལ་ཡུལ་དུའང་དེ་ཚོ་བོད་པའི་མི་རྒྱུད་ཡིན་པར་གླེང་བར་མ་ཟད། བལ་ཡུལ་གྱི་རྒྱལ་བོ་ན་རན་ཊ་ཊ་སྦས་བཙུགས་པའི་ཤི་ལ་ཊ་སྦིས་རྡོ་རིང་ནང་བོད་ལ་ དཔྱ་ཁྲལ་ཕུལ་བའི་ལོ་རྒྱུས་ཀྱང་གསལ་བོར་ཡོད་ཟེར། ཞེས་གསུངས་སོ། །བལ་བོད་གཉིས་ཀྱི་འབྲེལ་བའི་སྐོར་འོག་ནས་དེབ་དཀར་དུའང་ཞིབ་ཙམ་བཀོད་ཡོད་ འདིར་དེ་ཙམ་གྱིས་འཐུས་པར་བྱས་སོ། །
  ༢༩ རི་བོ་རྩེ་ལྔ______རི་བོ་རྩེ་ལྔའམ་རི་བོ་དྭངས་བསིལ་དུ་གྲགས་པ་དེ་ནི་རྒྱ་ནག་ གི་ས་ཆར། འཕགས་པ་སའི་སྙིང་བོའི་གནས་ཆེན་དཔའ་རི་རྩེ་དགུ་དང་། འཕགས་པ་ཀུན་ཏུ་བཟང་བོའི་གནས་ཆེན་གླང་ཆེན་འགྱིང་རིའམ་རི་བོ་འོད་ཟེར་ཅན། འཕགས་པ་ཐུགས་རྗེ་ཆེན་པོའི་གནས་ཆེན་རི་བོ་དྲི་འཛིན། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གནས་ཆེན་རི་བོ་རྩེ་ལྔ་ཞེས་སྙན་གྲགས་ཆེ་བའི་ནང་ བའི་གནས་རི་ཆེན་པོ་བཞི་ཡོད་པའི་ཡ་གྱལ་ཏེ། ད་ལྟ་ཧྲན་ཞིས་ཞིང་ཆེན་གྱི་རི་བོ་རྩེ་ལྔའི་རྫོང(山西省太山县)ཁོངས་སུ་ཡོད། གནས་རི་འདི་ནི་རྩ་བ་གཅིག་ལ་རྩེ་མོ་ལྔར་གྱེས་པ་ཞིག་སྟེ། དབུས་རི་སེང་གེ་འགྱིང་འདྲ། ཤར་རི་གླང་ཆེན་འགྱིང་འདྲ། ལྷོ་རི་རྟ་མཆོག་ཉལ་འདྲ། ནུབ་རི་རྨ་བྱས་གར་བྱེད་པ་འདྲ་བ། བྱང་རི་ཤང་ཤང་བསྣོལ་བ་འདྲ་བར་ཡོད་ཅིང་གནའ་དུས་སུ་དེའི་རི་རྒྱུད་དུ་དགོན་སྡེ ༣༦༠ ཡོད་པར་གསུངས། དུས་འགྱུར་གྱི་སྔོན་དེར་རྒྱ་བརྒྱུད་ནང་བསྟན་གྱི་དགོན་པ ༩༧ དང་བོད་བརྒྱུད་ནང་བསྟན་གྱི་དགོན་པ་༢༣ཡོད་ཚུལ་གསལ། སྤྱི་ལོ ༦༤༥ ལོར་སྲོང་བཙན་སྒམ་པོ་དང་རྒྱ་ནག་རྒྱལ་བོ་གཉིས་ཐུགས་གྲོས་གཅིག་མཐུན་བྱུང་བ་ བཞིན་བོད་ཀྱིས་རི་བོ་རྩེ་ལྔར་ལྷ་ཁང་མང་བོ་བཞེངས། བུ་སྟོན་རིན་པོ་ཆེས་སྲོང་བཙན་སྒམ་པོ་རི་བོ་རྩེ་ལྔར་བྱོན་ནས་ལྷ་ཁང་བརྒྱ་རྩ་ བརྒྱད་བཞེངས་ཞེས་ཀྱང་གསུངས། རྗེ་རིན་པོ་ཆེའི་དངོས་སློབ་བྱམས་ཆེན་ཆོས་རྗེ་གོང་མའི་དབུ་བླར་ཕེབས་ཚེ་གནས་ འདིར་རི་བོ་དགེ་ལུགས་པའི་དགོན་སྡེ་དྲུག་ཕྱག་བཏབ་ཅིང་ད་ལྟའང་ནུབ་ཕྱོགས་ཀུན་ འདུས་གླིང་སོགས་ཁ་ཤས་ལྷག་ཡོད། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དང་ལྕང་སྐྱ་རོལ་བའི་རྡོ་རྗེ། ཀུན་མཁྱེན་འཇིགས་མེད་དབང་བོ་སོགས་བོད་ཀྱི་སྐྱེས་ཆེན་མང་བོ་ཕེབས་ཏེ་སྒོམ་ སྒྲུབ་ཡུན་རིང་མཛད་པའི་གནས་སོགས་ད་ལྟའང་མཇལ་རྒྱུ་ཡོད་དོ། །ཞིབ་རྒྱས་སྤྱི་ལོ ༡༧༧༠ ལོར་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་རི་བོ་རྩེ་ལྔའི་དཀར་ཆག་ལ་གཟིགས་པར་ ཞུའོ། །
  ༣༠ གྲུ་གུ་དང་ལི་ཡུལ་ཡུན་ནན་སོགས་ཀྱང་བོད་ཀྱི་འོག་ཏུ་ལོ་བརྒྱ་ཕྲག་ལྷག་གནས་ པ______གྲུ་གུའམ་དྲུ་གུ་ནི་བོད་ཀྱི་ལོ་རྒྱུས་ཁག་ཏུ་ལན་མང་བོ་འབྱུང་ཡང་ས་ གནས་དང་མི་རིགས་གང་དུ་གཏོགས་ཚུལ་སྔོན་གྱི་ལོ་རྒྱུས་དག་ཏུ་གསལ་བོར་བྲིས་ཡོད་ པ་ཤིན་ཏུ་དཀོན། གཙོ་ཆེར་དེང་གི་མཚོ་སྔོན་དང་ཀན་སུའུ་ཕྱོགས་སུ་གཞིས་ཆགས་པར་མངོན་ལ་ད་དུང་ཡང་ གྲུ་གུའི་མཁར་ཤུལ་དང་ངག་རྒྱུན་མང་བོ་ཡོད། དུང་དཀར་ཚིག་མཛོད་དུ་གྲུ་གུ་ནི་རྒྱ་སྐད་དུ་ཐུ་ཅོས(突厥)སམ་སྐབས་འགར་ཐུ་ཀྱུ་ ཝེས་ཞེས་འབོད་པ་དང་ཀྲུང་གོའི་གནའ་རབས་མི་རིགས་ཤིག་གི་མིང་ཡིན་ལ། ད་ལྟའི་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་གཏོགས་པར་གསུངས། བོད་ཀྱི་སྲིད་དོན་རྒྱལ་རབས་སུ་གྲུ་གུ་ཧན་ནམ་ཐུ་ལུ་ཧུན་ལ་བོད་པས་འ་ཞ་ཟེར་ ཞེས་གསུངས་མོད་འ་ཞ་དང་གྲུ་གུ་གཉིས་གཅིག་ཏུ་འདོད་པ་འདི་ནི་གསར་བཤད་ཅིག་སྟེ་ སྔ་རབས་ལོ་རྒྱུས་གང་དུའང་དེ་གཉིས་གཅིག་ཡིན་ཚུལ་བཤད་པ་ཞིག་མ་མཐོང་ངོ་། །
      གྲུ་གུ་ནི་སྲོང་བཙན་སྒམ་པོའི་སྐབས་དངོས་སུ་བོད་ཀྱི་ཆབ་འོག་ཏུ་བཅུག་པར་ངེས་ ཏེ། གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང་ཞེས་པར། སྤྱི་ལོ ༦༣༨ ལོར་སྲོང་བཙན་གྱིས་གྲུ་གུར་དམག་དྲངས་ཤིང་སྤྱི་ལོ ༦༦༣ ལོར་བློན་ཆེན་མགར་གྱིས་དམག་དཔོན་བྱས་ཏེ་དངོས་སུ་མངའ་འོག་ཏུ་བསྡུས་པར་གསུངས་ སོ། །དེ་ལྟར་ན་སྲོང་བཙན་དགུང་གྲངས་སོ་བཞི་ལས་མ་བཞུགས་པར་འདོད་མཁན་ཚོས་སྲོང་བཙན་ སྐབས་གྲུ་གུ་དབང་དུ་བསྡུས་ཞེས་བརྗོད་ཐབས་མེད་པར་འགྱུར། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། མཐའི་རྒྱ་དང་དྲུ་གུ་འོག་ཏུ་བཏུལ། ལོ་སར་སྒང་ལ་ལུག་ཤའི་ལག་པ་རློན་པ་བརྩིགས་པ་ལ་འཛེགས་ནས་རྒྱའི་མཁར་ཕབ། མཆིལ་བའི་རྐེ་ལ་མེ་བཏང་བས་རྒྱ་ཡུལ་མེར་བཏང་། དེ་བས་བོད་ལ་བཀའ་དྲིན་ཆེ་བར་གྲགས། ཞེས་གནམ་རི་སྲོང་བཙན་གྱི་ལོ་རྒྱུས་སྐབས་སུ་གསུངས་མོད། གོང་གསལ་ལོ་རྒྱུས་དེ་དག་ལ་དཔྱད་ན་དེ་དུས་གྲུ་གུ་ལ་དམག་བརྒྱབ་སྟེ་ཕམ་པར་བྱས་ པ་ལས་དངོས་སུ་ཆབ་འོག་ཏུ་ཆུག་མེད་པར་མངོན་ཏེ་དཔྱད།
      གྲུ་གུ་དང་དམག་འཐབ་བརྒྱབ་པའི་རྒྱུ་རྐྱེན་དང་ལོ་རྒྱུས་སོགས་དེབ་དཀར་དུ་དྲངས་ པའི་ཤོག་དྲིལ་ང་བ་ལས། དེ་ནས་གོང་མའི་སྲས་མོ་ཞིག་གྲུ་གུའི་རྒྱལ་བོ་ལ་བག་མར་གནང་བ་སྲོང་བཙན་གྱིས་ གསན་ཏེ། ཕོ་ཉ་ཞིག་སྐྱེས་དང་བཅས་བཏང་ནས། སྲས་མོ་བག་མར་བསླངས་པ་གོང་མས་མ་གནང་། དེ་ལ་སྲོང་བཙན་ཐུགས་ཁྲོས་ནས་བོད་དམག་དྲངས་ཏེ། གྲུ་གུའི་ཡུལ་བཅོམ་པར། གྲུ་གུ་རྣམས་བྲོས་ནས་མཚོ་སྔོན་བྱང་ཕྱོགས་སུ་སྤོས། གྲུ་གུའི་ནོར་ཕྱུགས་དང་ཡོ་བྱད་ཐམས་ཅད་བོད་ཀྱི་ལག་ཏུ་ཤོར། ཞེས་གསུངས། ཕྱིས་སུ་གྲུ་གུ་རྒྱ་ནག་གི་ལག་ཏུ་ཤོར་བར་བློན་པོ་མགར་གྱི་བུ་ཆེ་བ་བཙན་སྙ་ ལྡོམ་བུས་དམག་དྲངས་ཏེ་ནུབ་ཕྱོགས་ཀྱི་གྲུ་གུའི་ཚོ་ཆེན་བཅུ་གཉིས་ཆབ་འོག་ཏུ་ བསྡུས། རྒྱལ་དབང་ལྔ་བའི་རང་རྣམ་དུ་ཀུ་ལའི་གོས་བཟང་དུ། རྒྱལ་བོ་མུ་ཏིག་བཙན་པོས་དམག་བགྲང་ལས་འདས་པ་དྲངས་ཏེ་རྒྱ་ཧོར་གྲུ་གུའི་ཡུལ་ རྣམས་བཅོམ་པར་ཡང་གསུངས་པས། གྲུ་གུ་ནི་རྒྱལ་རབས་བརྒྱད་དགུ་ཙམ་གྱི་རིང་ལ་སྐབས་འགར་བོད་ཀྱི་རྒྱལ་ཕྲན་ལྟ་ བུར་བྱས་ཏེ་དཔྱ་དང་སྐྱེས་ཕུལ་ཞིང་སྐབས་འགར་རང་ཚུགས་སུ་གནས་པས་བོད་དམག་ཡང་ ཡང་དྲངས་པ་ཞིག་མིན་ནམ་སྙམ། གང་ལྟར་ཕྱིས་སུ་གྲུ་གུ་བ་མང་བོ་ཞིག་བོད་དང་རིགས་འདྲེས་སུ་གྱུར་ཅིང་། གླིང་སྒྲུང་ནང་གི་གྲུ་གུའི་གོ་རྫོང་ཞེས་པའང་དངོས་བྱུང་གི་ལོ་རྒྱུས་ལ་གཞི་ བྱས་ཏེ་བརྩམས་པ་ཞིག་གོ། །
      འ་ཞ་ནི་དུས་རབས་བཞི་བའི་འགོར་ལེའོ་ཉིན་ནས་ནུབ་ཁུལ་ཀན་སུའུ་དང་མཚོ་སྔོན་ ཕྱོགས་སུ་གནས་སྤོས་ནས་ཐོན་པར་བཤད་ལ། འབྲོག་ལས་བྱེད་པའི་མི་རིགས་ཤིག་སྟེ། ༼འ་ཞ་འདི་སོག་རིགས་ལས་མཆེད་ཅིང་དེང་སང་ཨུ་རུ་སིའི་ཁོངས་སུ་གཏོགས་ཚུལ་དེབ་ དཀར་མཁན་པོས་མཆན་གྱི་ཚུལ་དུ་བཀོད་ཡོད་པས་དཔྱད།༽རྒྱ་ནག་གིས་ཐུའུ་ཡུས་ཧུན(吐谷 浑)ཞེས་འབོད་ཀྱིན་འདུག་ལ་དེ་ནི་ཁོང་ཚོ་ཐོག་མར་བྲོས་བཤོལ་དུ་འོང་སྐབས་ཀྱི་ དཔོན་པོའི་མིང་ཡིན་ཡང་ཕྱིས་སུ་དེའི་བུ་ཡེ་ཡན་བྱ་བས་རང་གི་རིགས་རུས་དང་རྒྱལ་ ཁབ་ཀྱི་མིང་དུ་བཀོལ་བར་སྣང་། ས་དེ་དག་ཏུ་སྔར་ཡོད་བོད་མི་རྣམས་དང་གཡུལ་འཐབ་མང་བོ་བྱས་རྗེས་མཚོ་སྔོན་པོའི་ ཕྱོགས་སུ་འ་ཞའི་རྒྱལ་རབས་ཞེས་པ་བཙུགས་ཏེ་རྒྱལ་རབས་ཉི་ཤུ་ལྷག་བརྒྱུད་མྱོང་། འ་ཞ་དང་བོད་ཀྱི་བར་སྟག་རི་གཉན་གཟིགས་དུས་ནས་འབྲེལ་བ་ཡོད་ཚུལ་ལོ་རྒྱུས་དག་ ཏུ་གསལ་བ་ལྟར་ཡིན་ལ། དངོས་སུ་ཆབ་འོག་ཏུ་བཅུག་པ་ནི། དེབ་དཀར་དུ་དྲངས་པའི་ཤོག་དྲིལ་ཁ་བར། རྒྱ་དང་ཨ་ཞ་དཔྱ་བཅད་དོ། །ཐོག་མ་དེ་ནས་བཟུང་ཨ་ཞ་འབངས་སུ་མངའ་འོ། །ཞེས་སྲོང་བཙན་སྒམ་པོའི་དུས་སུ་ཡིན་པར་གསུངས་པ་ལྟར་ལགས་ཤིང་། ལ་ལ་ཞིག་ཧྲན་ཞིའི་ཕྱོགས་སུ་བྲོས་པར་མངོན། འདི་ནི་སྲོང་བཙན་གྱིས་གྲུ་གུར་དམག་བརྒྱབ་ཚེ་ཁག་ཅིག་མཚོ་སྔོན་བྱང་ཕྱོགས་སུ་ བྲོས་པར་བཤད་པ་དང་འགྲིག་ཙམ་ཡོད་མོད། གྲུ་གུ་དང་འ་ཞ་གཉིས་གཅིག་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཞེས་གཞར་ཡང་བཤད་དུ་ མེད་དོ་སྙམ། འ་ཞ་འདི་མ་མཐའ་ཡང་ཁྲི་སྲོང་ལྡེ་བཙན་གྱི་མཇུག་ཙམ་གྱི་བར་དུ་བོད་ཀྱི་རྒྱལ་ ཕྲན་བྱས་ནས་བསྡད་ཚུལ་ཏུན་ཧོང་གཏེར་ཡིག་སོགས་སུ་གསལ་བ་ལྟར་རོ། །
      མགོ་ལོག་རུས་མཛོད་སོགས་སུ་འ་ཞ་ནི་བོད་རང་གི་རྒྱུད་པ་ཞིག་ཡིན་ལ་བོད་ཀྱི་རུས་ ཆེན་བཞིའི་ཡ་གྱལ་ལྡོང་དང་སྒའི་རིགས་སུ་གཏོགས་པར་ཡང་བཤད་མོད། སྤྱིར་འ་ཞའི་རྩ་བའི་རིགས་རྒྱུད་དེ་བོད་མིན་ཡང་མཚོ་སྔོན་ཕྱོགས་སུ་གཞིས་ཆགས་ ཏེ་རིམ་གྱིས་མང་བོ་ཞིག་དེར་སྡོད་བོད་རིགས་འབྲོག་པ་དང་འདྲེས་པར་གྱུར་བས་བོད་ རིགས་ཡིན་ཚུལ་བརྗོད་པའོ་ཞེས་དེང་རབས་བོད་ཀྱི་ལོ་རྒྱུས་སྨྲ་བ་མང་བོས་འདོད་པ་ དེ་དོན་ལ་གནས་སྙམ། གང་ལྟར་འ་ཞ་དེ་ཉིད་ཕྱིས་སུ་བོད་དང་རྒྱ་ནག་མི་ཉག་སོགས་སུ་འདྲེས་ཤིང་ཚོ་ཁག་ རེ་འགའ་མ་འགྱུར་བར་གནས་པ་ལ་དེང་སང་གི་དཔའ་རིས་སོགས་སུ་གནས་པའི་ཧོར་རིགས་དེ་ ཡིན་ཞེས་འདོད་མཁན་མང་།
      ལི་ཡུལ་ནི་དེང་སང་གི་ཤིན་ཅང་དུ་འབོད་པ་དེ་ཡིན་ཞིང་། སྔོན་འགའ་རེས་བལ་ཡུལ་དུ་ངོས་བཟུང་ཡང་། གྲོ་ལུང་བ་བློ་གྲོས་འབྱུང་གནས་ཀྱིས། རྒྱ་གར་ཤར་ནུབ་ལི་དང་བལ་བོའི་ཡུལ། །ཞེས་ཁ་ཁར་གསུངས་པ་ལྟར་ས་སྐྱ་པཎ་ཆེན་སོགས་མཁས་པ་མང་བོས་ཀྱང་དེ་བཞིན་དུ་ འདོད། ཡུལ་འདིའི་མི་རྣམས་ཐོག་མར་སོག་པོ་ལས་མཆེད་ཅིང་། ནང་ཆོས་ཆེས་ཆེར་དར་ཡང་བར་སྐབས་ཤིག་ནས་ཕྱི་ནང་གི་རྐྱེན་དབང་དུ་མས་ནུབ་འགོ་ བཟུང་སྟེ་དགེ་སློང་རྣམས་བོད་དང་རྒྱ་གར་དུ་བྲོས། དེ་ནས་བཟུང་མུ་སྟེགས་པའི་ཆོས་ཀྱི་ལྟེ་བ་ལྟ་བུར་གྱུར། རྒྱལ་རབས་སུའི་རིང་ལ་བོད་ཀྱི་མངའ་འོག་ཏུ་བསྡུས་ཚུལ་གསལ་བོར་མ་མཐོང་ཡང་བོད་ ཀྱི་ཆབ་འོག་ཏུ་ཡུན་རིང་བསྡད་པའི་རྟགས་མཚན་མང་བོ་དེབ་དཀར་རང་གཞུང་དུ་གསལ་ བོར་གསུངས་ཡོད་པ་ལྟར་ཡིན།
      ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་ཞེས་པར་ལི་ཡུལ་དང་བོད་ཀྱི་ འབྲེལ་བའི་སྐོར་ལ་དོན་ཚན་གཉིས་མཆིས་པ་ལས། གཅིག་ནི་ལི་ཡུལ་ནས་ལོ་རེའི་ལོ་ཐང་སྐྱེལ་བའི་ཕོ་ཉ་མངགས་པའི་གནས་ཚུལ་དང་། ཅིག་ཤོས་དེ་ལི་ཡུལ་དུ་སངས་རྒྱས་ཆོས་ལུགས་དར་ཚུལ་གྱི་སྐོར་ཡིན། ཤོག་དྲིལ་དེ་གཉིས་ལས་ཤེས་ཐུབ་པ་ནི་ལི་ཡུལ་དེ་ཡུན་རིང་བར་བོད་ཀྱི་མངའ་ཁོངས་ བསྙོན་མེད་ཅིག་དང་། ཆོས་སྤེལ་དུ་ཕེབས་པ་བོ་ལོ་ཆེན་བེ་རོ་ཙ་ན་ཡིན་འདུག་པས་ཁྲི་སྲོང་ལྡེ་བཙན་གྱི་ དུས་སྐབས་དེར་ལི་ཡུལ་བོད་ཀྱི་མངའ་འོག་ཏུ་གནས་ཡོད་ཅིང་དེར་ནང་ཆོས་ཆེས་ཆེར་ དར་མྱོང་བ་སོགས་ཤེས་ཐུབ་བོ། །
      མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་སྲོང་བཙན་སྒམ་པོའི་དུས་ནས་ལི་ཡུལ་དུ་དམ་ ཆོས་ནུབ་འགོ་བཟུང་བར་གསུངས་མོད། མཁས་དབང་དམུ་དགེ་རིན་པོ་ཆེས་མེས་ཨག་ཚོམ་གྱི་སྐབས་སུ་བོད་ལ་རབ་བྱུང་བ་མེད་ པས་ལི་ཡུལ་ནས་དགེ་འདུན་པ་སྤྱན་དྲངས་ཚུལ་གསུངས་པས་སྐབས་དེར་ད་དུང་དགེ་འདུན་ གྱི་སྡེ་ཡོད་པ་རྟོགས་ཐུབ། འོན་ཀྱང་ཏུན་ཧོང་ཤོག་དྲིལ་དུ་བེ་རོ་ཙ་ནའི་དུས་དམ་ཆོས་གསར་དུ་དར་ཚུལ་ཞིག་ བཤད་དེ་ཁོང་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཆེན་བེ་རོ་ཙ་ན་ཡིན་ན་ཡུལ་དེར་ནང་ ཆོས་བསྐྱར་དུ་དར་ཡོད་སྲིད་པ་ལས་གསར་དུ་དར་བ་མ་ཡིན་ནོ། །
      ཡུན་ནན་ནི་སྔར་བོད་ཀྱི་ལོ་རྒྱུས་དག་ཏུ་འཁོད་པའི་འཇང་ངམ་ལྗང་ཞེས་པ་དེར་གོ་ དགོས་ལ། སྔོན་འཇང་ནི་ཐང་གི་མངའ་འོག་ཏུ་གཏོགས་པའི་རྒྱལ་ཕྲན་ཞིག་ཡིན། ནང་གསེས་མྱ་དཀར་བོ་དང་ནག་པོ་ཟེར་བ་གཉིས་ཡོད། རེ་ཞིག་ཐང་བོད་གཉིས་ཀྱི་བར་དུ་གཞིས་ཆགས་ཏེ་མངའ་ཐང་ཤིན་ཏུ་རྒྱས་མོད། བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ལས། འཇང་ཡུལ་ནས་བཟུང་སྟེ་འབར་མའི་བར་དྲག་ཤུགས་ཀྱིས་དབང་དུ་བསྡུས་ཞེས་སྲོང་བཙན་ སྒམ་པོའི་སྐབས་སུ་བོད་ཀྱི་མངའ་འོག་ཏུ་བསྡུས་པར་གསུངས་ཏེ་སྔ་རབས་བོད་ཀྱི་ལོ་ རྒྱུས་ཕལ་མོ་ཆེར་ཡང་དེ་ལྟར་རོ། །བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱིས་འཇང་བཟའ་ཁྲི་བཙུན་ཁབ་ཏུ་བསུས་པ་ལ་སྲས་འཇང་ ཚ་ལྷ་དཔོན་འཁྲུངས་པ། ཁྲི་སྲོང་ལྡེ་བཙན་གྱི་སྐབས་ལན་གཉིས་ལ་བོད་འཇང་མཉམ་འབྲེལ་གྱིས་རྒྱ་ལ་དམག་ བརྒྱབས་ཏེ་རྒྱ་མཁར་མང་བོ་བོད་ཀྱི་མངའ་འོག་ཏུ་བསྡུས་པ་སོགས་འབྲེལ་བ་ཤིན་ཏུ་ ལེགས་ཀྱང་། བོད་ཀྱིས་འཇང་མྱ་ལྷོ་ནས་དཔྱ་ཁྲལ་བསྡུ་ཐལ་བ་ཆེ་བ་སོགས་ཀྱིས་ཕྱིས་སུ་ངོ་ལོག་ སྟེ་ཐང་ལ་མགོ་འདོགས་རྩིས་བྱེད་པའི་ཚེ་འདུས་སྲོང་མང་རྗེའམ་ཁྲི་འདུས་སྲོང་ གིས་དཔུང་ཆེན་དྲངས་ནས་དམག་འཁྲུག་བརྒྱབས་ཤིང་ཡུན་རིང་ཞིག་ལ་དཔྱ་ཁྲལ་སོགས་ ཕུལ་དུ་བཅུག་པ་ཡིན་འདུག་སྟེ། ཏུན་ཧོང་གཏེར་ཡིག་ལས་འདུས་སྲོང་མང་བོ་རྗེའི་ལོ་རྒྱུས་བརྗོད་སྐབས། ཡོས་བུའི་ལོ་ལ་དགུན་བཙན་པོ་འཇང་ཡུལ་དུ་གཤེགས་ཏེ། འཇང་ཕབ་པར་ལོ་གཅིག་ཅེས་དང་། འུང་གི་འོག་ཏུ་འཇང་ལ་ཆབ་སྲིད་མཛད་དེ་མྱ་དཀར་བོ་དཔྱའ་ཕབ། མྱ་ནག་པོ་འབངས་སུ་བཀུག་པ་ལ་སྩོག་སྟེ། ཞེས་དང་། འཇང་གི་རྒྱལ་བོ་བོད་ཀྱི་འབངས་སུ་བཞེས་པས། རྒྱའི་ཆབ་སྲིད་ལ་ཡང་ཤིན་ཏུ་དམའ་ཞིང་མྱི་བདེ་བར་བྱས་སོ། ཞེས་འབྱུང་བ་ལྟར་རོ། །འདུས་སྲོང་མང་རྗེ་ཁོང་ཡང་སྐབས་དེར་འཇང་ཡུལ་ནས་སྐུ་གཤེགས། 
      སྤྱི་ལོ ༧༩༣ ལོར་འཇང་གིས་ཐང་ལ་མགོ་བཏགས་ཤིང་བོད་སིལ་བུའི་དུས་སྐབས་ཏེ་སྤྱི་ལོ ༩༣༦ ལོར་རུས་ཏུན་ཅན་གྱི་འཇང་བའི་བློན་པོ་ཞིག་གིས་ཏཱ་ལིས་རྒྱལ་ཁབ(大理国)བཙུགས་ཏེ་ རྒྱ་དང་བོད་ཀྱི་མངའ་ཁོངས་མང་བོ་ཞིག་བཙན་བཟུང་བྱས་ཀྱང་། སྤྱི་ལོ་༡༢༥༣ལོར་ཧོར་ཇིན་གིར་རྒྱལ་བོས་རྩ་ནས་བསྣུབས་པར་བྱས་སོ། །
      གཞན་ད་ལྟའི་ཡུན་ནན་གྱི་ལིས་ཅང(丽江) ས་ཁུལ་སྤྱི་དང་དེ་གའི་ན་ཞིས(纳西)མི་རིགས་ལའང་སྔར་བོད་ཀྱིས་འཇང་ཟེར་ཞིང་རུས་ རྒྱུད་ལའང་འབྲེལ་བ་ཡོད། དེར་སྔོན་བོན་གྱི་ཆོས་ལུགས་ཤིན་ཏུ་དར། ད་ལྟ་ཁོ་ཚོར་སྟོན་པའི་རིག་གནས(东巴文化) ཞེས་པ་ཞིག་ཡོད་པའང་སྟོན་པ་གཤེན་རབ་གྱི་བསྟན་པ་ལས་འཕྲོས་པ་ཞིག་གོ། །༼དེང་སང་བཀའ་བརྒྱུད་པའི་གྲུབ་མཐར་དད་མཁན་མང་ཟེར།༽རིམ་གྱིས་བོད་དང་རིགས་ འདྲེས་སུ་གྱུར་བས་བོད་ཀྱི་མངའ་འོག་ཏུ་བསྡད་པ་དང་འཇང་ས་དམ་རྒྱལ་བོའི་སྐབས་ དམག་འཁྲུག་བརྒྱབ་པ་སོགས་མང་དུ་བྱུང་བས་གེ་སར་སྒྲུང་གི་ནང་ན་འཇང་གླིང་འཁྲུག་ པ་ཞེས་པ་ཞིག་ཡོད་པའང་དངོས་ཡོད་ཀྱི་ལོ་རྒྱུས་དེ་དག་ལ་ཁུངས་བཅོལ་བ་ཞིག་ཡིན་ འདུག  དེའི་ཕྱིར་ད་ལྟའི་ཡུན་ནན་ཞིང་ཆེན་གྱི་མི་རིགས་མང་བོ་ཞིག་བོད་ལས་གྱེས་པའམ་ བོད་དང་འབྲེལ་བ་ངེས་ཅན་ཡོད་པ་ཤ་སྟག་ཡིན་པའི་དོན་དངོས་ཀྱང་ཤེས་གལ་ཆེའོ་ཞེས་ ཞོར་འཕྲོས་སུ་ཤོར་རོ། །
  ༣༡ རྦ་བཞེད______འདི་ནི་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་དང་བསམ་ཡས་ གཙུག་ལག་ཁང་བཞེངས་ཚུལ། བོད་དུ་སངས་རྒྱས་ཆོས་ལུགས་རྒྱ་ཆེར་སྤེལ་བའི་ཚུལ་སོགས་རྒྱས་པར་བཀོད་པའི་ལོ་ རྒྱུས་ཀྱི་གཞུང་གལ་ཆེན་ཞིག་སྟེ་བསམ་ཡས་དཀར་ཆག་ཆེན་མོའང་ཟེར། བོད་ཀྱི་གྲྭ་བའི་ཐོག་མ་སད་མི་མི་བདུན་གྱི་ཡ་གྱལ་རྦ་གསལ་སྣང་ངམ་རྦ་ཡེ་ཤེས་ དབང་བོས་བརྩམས། འདི་ལོ་རྒྱུས་ཁུངས་བཙུན་དུ་བཞེད་པ་དང་། ལྷད་ཅན་དུ་འཛིན་པ། གཙང་མ་དང་ལྷད་ཅན་རིགས་གཉིས་ཡོད་པ་བཅས་སྔོན་བྱོན་མཁས་པར་འདོད་ཚུལ་རིགས་གསུམ་ ཡོད་པར་བཤད།
      རྦ་བཞེད་རྩོམ་པ་བོ་རྦ་གསལ་སྣང་༼སྦ་གསལ་ཞེས་བྲིས་པའང་ཡོད།༽ཡེ་ཤེས་དབང་བོ་ མཆོག་ནི་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན་ཞིང་རྗེས་སུ་རྒྱ་གར་དང་བལ་ཡུལ་ དུ་ཕེབས་ཏེ་མཁན་ཆེན་བོ་དྷི་ས་ཏྭ་སྔ་ཕྱིར་བོད་ལ་ལན་གཉིས་གདན་དྲངས་ཤིང་ཕྱིས་ སུ་སློབ་དཔོན་པད་མ་འབྱུང་གནས་གདན་འདྲེན་དུའང་ཁོང་ཕེབས། རྒྱ་ནག་ཏུ་ཕེབས་ཏེ་ཧྭ་ཤང་མཁས་པའི་མདུན་ནས་ཆོས་ཀྱི་སྒོམ་ལུང་ཞུས། མཁན་ཆེན་སྐུ་གཤེགས་རྗེས་བཙན་པོས་བཅོམ་ལྡན་འདས་ཀྱི་རིང་ལུགས་པར་བསྐོས་ཏེ་ བཀུར་སྟི་བླ་མེད་མཛད། དགེ་འདུན་པའི་དབུ་འཕང་བླ་རུ་བསྟོད། རྗེས་སུ་བན་དེ་མྱང་ཏིང་འཛིན་སོགས་ཀྱིས་ཕྲག་དོག་བྱས་པར་བརྟེན་དབེན་གནས་སུ་ གསང་སྟབས་ཀྱིས་བྲོས་ཏེ་སྒོམ་ལ་བཞུགས། བོད་ལ་ཧྭ་ཤང་གི་ལྟ་བ་ངན་པ་དར་ཚེ་སློབ་དཔོན་ཀ་མ་ལ་ཤྲཱི་ལ་གདན་འདྲེན་པར་རྒྱལ་ བོ་ལ་བསྐུལ་མ་གནང་བ་སོགས་བོད་ལ་ཕྱག་རྗེས་ཆེ་བའི་ཆོས་བློན་གྲྭ་བཙུན་རྩོམ་པ་ བོ་སྐད་རིགས་དུ་མར་ནང་བྱན་ཆུད་པ་ཞིག་ཡིན་ནོ། །

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།