logo

རྒྱལ་རབས་དེབ་ཐེར་དཀར་བོའི་མཆན་འགྲེལ།

རྩོམ་པ་པོ།:མཁས་དབང་དགེ་འདུན་ཆོས་འཕེལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-28 ཀློག་གྲངས།:
      ཁུ་རྔོག་འབྲོམ་གསུམ་སོགས་བུ་སློབ་མང་དུ་བྱུང་ཞིང་། འགྱུར་ལ་དབུ་མའི་གཞུང་གི་རྟོག་གེ་འབར་བ་སོགས་དང་། རྒྱལ་བའི་བཀའ་དགོངས་འགྲེལ་དང་བཅས་པ་ཧྲིལ་གྱིས་དྲིལ་ཞིང་ཉམས་སུ་ལེན་བདེ་བའི་ བསྟན་བཅོས་བྱང་ཆུབ་ལམ་གྱི་སྒྲོན་མ་དང་། བཀའ་གདམས་ཕ་ཆོས་བུ་ཆོས། གསོ་རིག་གི་གཞུང་ཡན་ལག་བརྒྱད་པ་སོགས་བཀའ་རྩོམ་ཡང་མང་དུ་གནང་ཡོད་དེ། གསུང་རྩོམ་ཁག་བརྒྱ་ལྷག་བསྟན་འགྱུར་ཁྲོད་དུ་བཞུགས་ཞེས་མཁས་དབང་དུང་དཀར་ཚང་ གིས་གསུངས་སོ། །
  ༤༧ བསམ་ཡས་གཙུག་ལག་ཁང______དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ ཁང་ནི་ལྷོ་ཁ་གྲ་ནང་རྫོང་ཡར་ཀླུང་གཙང་བོའི་བྱང་ངོས་ཀྱི་རི་འདབས་སུ་ཆགས་ཡོད་ ལ། མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་ལ་བརྟེན་ནས་ལོ་གསུམ་ལ་བཞེངས་ཏེ་ལེགས་པར་ གྲུབ། གཙུག་ལག་ཁང་འདི་ནི་ཐོག་བརྩེགས་རིམ་པ་གསུམ་དང་ལྡན་ཞིང་། མཐའ་བཞི་ལྕགས་རིས་བསྐོར་ལ་གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བརྒྱན་པ་ཞིག་སྟེ། ཤར་སྟོད་དུ་སད་མི་མི་བདུན་རབ་ཏུ་བྱུང་གནས་རྣམ་དག་ཁྲིམས་ལྡན་གླིང་། ཤར་དབུས་སུ་ཆོས་དཔྱད་བྱ་ཡུལ་མཁྱེན་རབ་འཇམ་དཔལ་གླིང་། ཤར་སྨད་དུ་བརྡ་སྤྲོད་ཁང་བརྡ་སྤྲོད་ཚང་མང་གླིང་། ལྷོ་སྟོད་དུ་སྔགས་ཀྱི་སྲི་གཏད་མནན་ཁང་བདུད་འདུལ་སྔགས་པ་གླིང་། ལྷོ་དབུས་སུ་བཙན་པོའི་རྟ་མགྲིན་སྒྲུབ་གནས་ཨརྱ་པ་ལོའི་གླིང་། ལྷོ་སྨད་དུ་ཆོས་སྒྱུར་ཁང་སྒྲ་སྒྱུར་རྒྱ་གར་གླིང་། ནུབ་སྟོད་དུ་བེ་རོ་ཙཱ་ན་བཞུགས་ཡུལ་བེ་རོ་ཙཱ་ནའི་གླིང་། ནུབ་དབུས་སུ་མ་འོངས་ལུང་བསྟན་ཁང་བྱམས་པ་གླིང་། ནུབ་སྨད་དུ་བསམ་གཏན་སྒོམ་ཁང་མི་གཡོ་བསམ་གཏན་གླིང་། བྱང་སྟོད་དུ་རིན་ཆེན་གཏེར་མཛོད་ཁང་རིན་ཆེན་སྣ་ཚོགས་གླིང་། བྱང་དབུས་སུ་སེམས་བསྐྱེད་བྱང་ཆུབ་གླིང་། བྱང་སྨད་དུ་མཛོད་ཁང་པེ་ཧར་དཀོར་མཛོད་གླིང་བཅས་དང་། ལྕགས་རིའི་ཕྱི་ལོགས་སུ་ཀ་ཆུ་ལྷ་ཁང་། ཁམས་གསུམ་ཟངས་ཁང་གླིང་། དགེ་རྒྱས་བྱེ་མ་གླིང་། བུ་ཚལ་གསེར་ཁང་གླིང་། གཙུག་ལག་ཁང་གི་ཕྱོགས་བཞིར་ཁ་དོག་མི་གཅིག་པའི་མཆོད་རྟེན་བཞི། གཙུག་ལག་ཁང་གི་བཟོ་རྩལ་ཡང་། འོག་ཁང་བོད་ལུགས། བར་ཁང་རྒྱ་ནག་ལུགས། སྟེང་ཁང་རྒྱ་གར་ལུགས་བཅས་མི་རིགས་གསུམ་གྱི་ཁྱད་ཆོས་ཚང་བར་བྱས་པ། བྱིན་རླབས་འོད་དུ་འབར་བའི་སྐུ་གསུང་ཐུགས་རྟེན་སོགས་བསམ་བརྗོད་ཀྱི་ཡུལ་འདས་ པ་ལྟ་བུར་ཡོད་ཀྱང་། ཕྱིས་སུ་བོད་སིལ་བའི་དུས་འཐོར་ཞིག་ཏུ་སོང་བ་ས་ཆེན་ཀུན་དགའ་སྙིང་བོ་སོགས་ སྐྱེས་ཆེན་མང་བོས་ཉམས་གསོ་ཐེངས་མང་མཛད། འདི་ནས་ལོ་སུམ་བརྒྱ་ལྷག་གི་གོང་རོལ་དེར་མེས་འཇིག་པ་སླར་ཡང་རྒྱལ་བ་སྐལ་བཟང་ རྒྱ་མཚོའི་སྐུ་རིང་ལ་སྔར་ལྟར་བསྐྱར་བཞེངས་བྱས། བཅོས་བསྒྱུར་དང་རིག་གསར་སྐབས་གཏོར་ཕམ་ཆེན་པོ་བྱས་པ་ད་ལྟ་ཡང་བསྐྱར་ཉམས་གསོ་ ཅི་ནུས་ཤིག་བྱས་ཡོད་མོད་བྱིན་རླབས་ཀྱི་ཚན་ཁ་བླ་ན་འབར་བའི་ནང་རྟེན་མང་བོ་ ཞིག་འབྱུང་བཞིའི་ཁ་ཟས་སུ་བསྟིམས་ཚར་བས་ལོ་རྒྱུས་ཀྱི་རྨ་ཁ་སོས་མེད་དུ་གྱུར་ ཡོད་པ་འདི་བཞིན་ལགས་སོ། །
  ༤༨ ཨ་མདོ______འབྲུ་ཆུའི་སེ་བོ་ལུང་རིང་བརྒལ་བའི་བ་ཡན་ཧ་རིའི་ཤར་ངོས་ཨ་ཆེན་ གངས་རྒྱབ་ཀྱི་རི་དང་། མདོ་ལ་རིང་མོ་གཉིས་ཀྱི་མིང་བསྡོམས་པའི་ས་མིང་ཞིག་སྟེ། ཨ་ཆེན་གངས་རྒྱབ་མན་དང་མདོ་ལ་རིང་མོ་ཡན་ཆད་ལ་ཨ་མདོ་ཞེས་ལོ་རྒྱུས་ཀྱི་གཞུང་ མང་བོར་གསལ་ཏོ། །ཁམས་ཀྱི་གོ་དོན་དེབ་དཀར་དུ་གསལ་བ་ལྟར་ཡིན།  སྔོན་མདོ་ཁམས་ལ་རྨར་ཁམས་སུ་བཏགས་པའི་ཁམས་གཅིག  མདོ་སྨད་ལ་གཡར་མོ་ཐང་དུ་བཏགས་པའི་ཁམས་གཅིག  ཙོང་ཁ་ལ་གྱི་ཐང་དུ་བཏགས་པའི་ཁམས་གཅིག་སྟེ་གསུམ་དུ་འབོད་སྲོལ་ཡོད་འདུག
  ༤༩ བཙོང་ཁ______འདི་ལ་སྤྱི་དང་བྱེ་བྲག་ལྟ་བུའི་མིང་ཐོགས་ཚུལ་གཉིས་ལས་སྔ་མ་ བཙོང་ཁ་བདེ་ཁམས་སམ་བཙོང་ཁ་ཆེན་པོ་ནི་ཨ་མདོའི་ཡུལ་སྤྱི་ལ་གོ་བ་དང་། ཕྱི་མ་ད་ལྟའི་ཟི་ལིང་ཕྱོགས་ཀྱི་ཡུལ་ཆ་ཙམ་ལ་གོ་དགོས་ཚུལ་གཞུང་འདིར་གསལ་བར་ གསུངས་པ་ལྟར་ལགས་མོད། བཙོང་ཁ་ཞེས་སྔོན་འཇུག་འབྲི་དགོས་པའི་རྒྱུ་མཚན་ མ་གསུངས། ཚུལ་འདི་མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་སྙན་ངག་སྤྱི་དོན་ཁྲིད་པའི་སྒྲ་ ཐག་ལས། སྔོན་འཕགས་པ་རྟག་ངུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་མདུན་སར་ཤེར་ ཕྱིན་གསན་དུ་ཕེབས་ཚེ། ཆོས་ཀྱི་ཆེད་དུ་ཡུལ་འདི་ནས་རང་གི་སྐུ་ལུས་ཀྱི་ཤ་ཁྲག་བཙོང་བའི་གཏམ་རྒྱུད་ལ་ བརྟེན་ཏེ་ཐོགས་པར་གསུངས་སོ། །ད་ལྟ་ཡོངས་གྲགས་སུ་ཙོང་ཁ་ཞེས་འབྲི་བཞིན་པ་མཁྱེན་གསལ་ལྟར་ཏེ། གོང་གི་གཏམ་རྒྱུད་གཞིར་བཞག་ན་བཙོང་ཞེས་པའི་སྒྲ་ཟུར་ཉམས་པའོ། །
  ༥༠ རྒྱ་དང་དམག་འཐབ་པའི་གཡུལ་གྱི་ཞིང་ཕལ་མོ་ཆེ་ནི་ཨ་མདོའི་ཡུལ་ཆ་འདི་དག་ ཡིན______རྒྱ་བོད་གཉིས་ནི་གནའ་ནས་ད་བར་འདབས་འབྲེལ་དང་ཁྱིམ་མཚེས་སུ་གནས་ ཕྱིར། ཕན་ཚུན་བར་ཆོས་དང་རིག་གཞུང་། ལག་རྩལ་དང་གཉེན་ཚན་སོགས་ཀྱི་འབྲེལ་ཤིན་ཏུ་ཆེ་ཞིང་། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དམག་འཁྲུག་ཀྱང་ལན་གྲངས་ཧ་ཅང་མང་བོ་བྱུང་ ཞིང་རེས་རྒྱལ་རེས་ཕམ་གྱི་འཁོར་ལོ་རྒྱུན་མར་བསྐོར་བ་ཞིག་སྟེ། གནམ་རི་སྲོང་བཙན་སྐབས་བློན་པོ་དཔའ་སྣང་བཞེར་དང་ཉང་ཙེང་གུ་སོགས་ཀྱིས་དམག་ དྲངས་ཏེ་རྒྱའི་ཡུལ་མཁར་མང་དུ་བཅོམ་ཞིང་མེར་བསྲེགས་པ་སོགས་བྱས། འདི་ལ་སྔོན་གྱི་ལོ་རྒྱུས་དག་ཏུ་མཐའི་རྒྱ་དང་གྲུ་གུ་བཏུལ་བ་ཞེས་ཟེར། གསེར་ཐང་ལས་ཀྱང་། རྒྱ་ནག་ལ་རང་རེས་འཁྲུག་ཆེན་བྱས་པ་ནི་གནམ་རི་སྲོང་བཙན་གྱི་དུས་ཙམ་ན་ཡིན་ ཀྱང་། དེའི་གོང་ཡུན་རིང་བོ་ནས་རྒྱ་དང་འགྲས་ཆེ་བས་རྒྱ་ལ་འཛིང་ཡ་བྱས་པ་ཙམ་གཞན་ལ་ བྱས་པ་མེད་ཅིང་། རྒྱ་ནག་པོ་དང་སོག་སེར་བོ་ཞེས་འབོད་པ་ཡིན། ཞེས་གསུངས། ༼བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ཞེས་པར་དེ་དུས་ཕོ་ཉའི་འགྲོ་འོང་ཙམ་ལས་དམག་ འཁྲུག་བྱས་པའི་ལོ་རྒྱུས་མེད་པར་བཤད། ༽ སྲོང་བཙན་སྒམ་པོའི་སྐབས་ཐང་བོད་བར་གྱི་འགལ་བ་ཛ་དྲག་ཏུ་ཕྱིན་ཏེ། སྲོང་བཙན་རང་གིས་དམག་དྲངས་ནས་ལོ་བརྒྱད་ལྷག་ལ་དམག་འཁྲུག་བརྒྱབ་ཅིང་ཐང་གི་ མངའ་ཁོངས་ཀྲུའུ་བཅུ་གཅིག་ལྷག་གཞི་མེད་དུ་བཏང་། ད་སྐབས་ཀྱི་བཀན་ཤན་དང་བཀྲ་ཤིས་ལྷ་རྒྱལ་གླིང་སོགས་ནས་འཛམ་གླིང་ལ་གྲགས་པའི་ དམག་འཁྲུག་ཅིག་བརྒྱབ། རྔ་བ་དང་མཛོད་དགེ ། ཟུང་ཆུ་སོགས་སུ་དེ་དུས་ཀྱི་འཐབ་རྫོང་དང་མཁར་ཤུལ་གྱི་སོ་ཕག་སོགས་ད་ལྟའང་ རྙེད་རྒྱུ་ཡོད་ལ། རྒྱ་རའི་ཐང་སོགས་ས་དང་གཏམ་རྒྱུད་ཀྱང་མཚར་ལ་རིང་བ་བཤད་རྒྱུ་ཡོད། བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ལས། དེ་སྐབས་བོད་དམག་འབུམ་ཕྲག་གཉིས་ལྷག་སླེབས་ཏེ་ས་རྒྱ་ཆེན་པོ་བླངས་ནས། སོ་མཚམས་སྲུང་དམག་བཞག་པའི་མི་རྒྱུད་རྣམས་ནི། དེང་སང་གི་ཆུ་དཀར་རྒྱུད་དང་། ཆུ་ནག་རྒྱུད། རྒྱལ་མོ་དངུལ་ཆུའི་ཆུ་རྒྱུད་སོགས་སུ་ཡོད་པའི་བོད་སྡེ་རྣམས་ཡིན། ཞེས་གསུངས། རྒྱ་བཟའ་ཀོང་ཇོ་བོད་ལ་བསུས་རྗེས་སུའང་རྒྱ་བོད་བར་འགལ་ཟླ་ལན་མང་བྱུང་བས་མགར་ སྟོང་བཙན་སོགས་ཀྱིས་དམག་དཔོན་བྱས་ནས་དམག་འཁྲུག་ཡང་ཡང་བརྒྱབ་ཅིང་ཕལ་ཆེར་བོད་ ཀྱི་ཕྱོགས་རྒྱལ། མང་སྲོང་མང་བཙན་གྱི་སྐབས་སུའང་མགར་གྱིས་དམག་དཔོན་བྱས་ཏེ་གཙོ་བོ་མཚོ་སྔོན་ པོའི་ཡུལ་ཁམས་སོགས་ནས་ལན་མང་བོར་དམག་བརྒྱབ་སྟེ་རྒྱ་ནག་ཕམ་ཡང་མཐར་མགར་སྟོང་ བཙན་ཡང་དམག་ཐོག་ཏུ་སྐུ་གཤེགས་༼བཤད་ཚུལ་གཞན་ཡང་ཡོད། ༽པས། རིམ་གྱིས་རྒྱ་དམག་ལྷ་སར་སླེབས་༼རྒྱལ་རབས་གསལ་བའི་མེ་ལོང་དང་ཆོས་འབྱུང་མཁས་ པའི་དགའ་སྟོན་སོགས་སྔོན་གྱི་ལོ་རྒྱུས་ཕལ་མོ་ཆེར་དེ་ལྟར་བཤད་ཀྱང་། ད་ལྟའི་ལོ་རྒྱུས་སྨྲ་བ་མང་བོ་ཞིག་གིས་རྒྱ་དམག་ལྷ་སར་སླེབས་རྒྱུ་ཕར་ཟད་བོད་ བཙན་པོའི་སྐབས་གང་དུའང་མདོ་སྨད་ཀྱི་མངའ་ཁོངས་ལས་ཀྱང་བརྒལ་ཏེ་ཡོང་དུ་མ་བཅུག་ ཚུལ་སོགས་མང་དུ་གླེང་བས་དཔྱད་དགོས།༽ཏེ་ཕོ་བྲང་ཁྲི་རྩེ་དམར་བོ་བསྲེགས་པ་ སོགས་དྲག་ལས་མང་བོ་བྱས།  རྗེས་སུ་མགར་གྱི་བུ་ཆེ་བ་བཙན་གཉན་ལྡེམ་བུས་བོད་དམག་འབུམ་ཕྲག་གཅིག་ཁྲིད་ནས་ རྒྱའི་དམག་དཔོན་ཞུའི་རིང་གོའི་ཁྲི་དམག་བཅུ་དང་འཐབ་པས་རྒྱའི་ཕྱོགས་ཕམ་སྟེ་ ཡུལ་ཁམས་མང་བོ་བཅོམ།
      འདུས་སྲོང་མང་རྗེའི་སྐབས་སུའང་མགར་གྱི་བུ་ཁྲི་འབྲིང་སོགས་དམག་དཔོན་གསུམ་ བྱུང་བ་དེ་དག་གིས་གཙོ་བོ་དམག་སྣ་དྲངས་ཏེ་རྒྱ་བོད་བར་དམག་འཁྲུག་ཁ་ཤས་བརྒྱབས་ ཤིང་རེས་རྒྱལ་རེས་ཕམ་ཡིན། འདི་སྐབས་དམག་འཁྲུག་བྱེད་ཡུལ་ཡང་གཙོ་བོ་མཚོ་སྔོན་ཕྱོགས་རེད། རྒྱལ་བོ་སྐུ་དངོས་ཀྱིས་དམག་སྣ་དྲངས་ཏེ་མདོ་སྨད་ཀྱི་ཀ་ཆུ་དང་ཟུང་ཆུ། ཐེའུ་ཆུ་སོགས་ནས་རྒྱ་དམག་མཐར་སྤྲོད་བཏང་། མེས་ཨག་ཚོམ་སྐབས་རྒྱ་ནག་ལ་ཡང་བསྐྱར་གཉེན་འབྲེལ་བཙུགས་ཏེ་རེ་ཞིག་གི་བར་དུ་ མཐུན་ལམ་བྱུང་ཡང་། སྐུ་ཚེའི་སྨད་ཙམ་དེར་ལོ་གཉིས་ལ་དམག་འཁྲུག་བྱུང་སྟེ་སྔ་ལོར་རྒྱ་ནག་རྒྱལ་ཞིང་ ཕྱི་ལོར་བོད་པ་རྒྱལ། ཁྲི་སྲོང་ལྡེ་བཙན་གྱི་སྐབས་སླར་ཡང་འགལ་ཟླ་བྱུང་སྟེ་རྒྱ་ནག་གོང་མ་ཁྲི་ལས་ཕབ་ ཚུལ་སོགས་གོང་དུ་བཤད་ཟིན་པ་ལྟར་ཡིན། གཞན་ཡང་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སྐྱེན་པོ་མི་དགུ་ཞེས་པའི་དམག་དཔོན་གྲགས་ ཅན་དགུ་ཡིས་རྒྱ་ནག་སོགས་དང་ཡང་ཡང་དམག་འཁྲུག་བརྒྱབས།  དེ་དུས་ཀྱི་དམག་འཁྲུག་བྱེད་ཡུལ་གཙོ་བོ་རྨ་ཆུའི་བྱང་རྒྱུད་ཡིན་ལ། བཀའ་མ་ལོག་སྟེ་རྒྱ་ནག་གིས་སུའུ་ནན་ཞེས་འབོད་པ་དེ་དང་། དཔའ་རིས་སོགས་མདོ་སྨད་ཀྱི་མི་རྒྱུད་ཕལ་ཆེར་དེ་དུས་ཀྱི་དམག་མི་ཡིན་པར་གསུངས། མུ་ནེ་བཙན་པོ་དང་ཁྲི་ལྡེ་སྲོང་བཙན་གཉིས་ཀྱི་སྐབས་སུའང་རྒྱ་བོད་བར་མཛའ་ འབྲེལ་གྱི་མཐུན་ལམ་བཙུགས་མྱོང་ལ་དམག་འཁྲུག་ཀྱང་ལན་ཁ་ཤས་བརྒྱབས་མྱོང་། ལྷག་པར་དུ་ཁྲི་གཙུག་ལྡེ་བཙན་ནམ་རལ་བ་ཅན་གྱི་སྐབས་སུ་བོད་དམག་ཁྲི་ཚོ་མང་བོ་ དྲངས་ཏེ་རྒྱ་ཡུལ་གྱི་མཁར་མང་བོ་བཅོམ་པས། རྒྱ་བོད་ཀྱི་དགེ་འདུན་པ་རྣམས་ཀྱིས་བར་འདུམ་མཛད་དེ། ཕྱོགས་གཉིས་ཀས་རང་གི་ས་མཚམས་ལས་བརྒལ་ཏེ་དམག་གི་གཡུལ་བཤམས་པ་སོགས་མི་བྱེད་ པའི་དཔང་དུ་ལྷ་ཀླུ་གཉན་གསུམ་བཞག་སྟེ། ལྷ་ས་དང་རྒྱའི་ཕོ་བྲང་། རྒྱ་བོད་ཀྱི་ས་མཚམས་གུང་གུ་རྨེ་རུ་གསུམ་དུ་དེ་ལུགས་ཡི་གེར་བཀོད་པའི་དབོན་ ཞིང་རྡོ་རིང་བཙུགས་སོ། །དེ་ལ་ལོ་རྒྱུས་སྟེང་སྐད་གྲགས་ཆེ་བའི་བོད་ཐང་མཇལ་འདུམ་ཟེར་རོ། །
  ༥༡ རྒྱ་ཁྲག་ཐང་དང་རྒྱ་དུར་ཐང______གཏམ་རྒྱུད་གསེར་ཐང་ལས། མདོ་སྨད་དུ་གཡུལ་བཀྱེས་པའི་ས་མིག་རྣམས་ལ་རྒྱ་དུར་ཐང་བྱ་བ་དང་། རྒྱ་ཁྲག་ཐང་སོགས་གྲོ་ཚང་དང་དཔའ་རིས་ཕྱོགས་ན་ཡོད་ཟེར་ཞིང་། འགའ་ཞིག་ལ་དེ་ལྟར་བྱུང་བའི་གཏམ་རྒྱུད་ཀྱང་ད་དུང་སྨྲ་བར་གྲགས་སོ། །ཞེས་གསུངས།
  ༥༢ དབུས་གཙང་གི་རུས་རྙིང་སྐྱི་དང་ཉང་དང་ཁྱུང་བོ______འདི་དག་ནི་ཆེས་གནའ་བོའི་ དུས་ཀྱི་དབུས་གཙང་གི་རུས་མིང་རེ་ཡིན་འདུག་མོད། སྐྱི་དང་ཉང་གཉིས་ཇི་ལྟར་ཐོགས་ཚུལ་སོགས་ཀྱི་ལོ་རྒྱུས་ཞིབ་ཕྲ་མ་མཐོང་ལ། བླ་ཆེན་དགོངས་པ་རབ་གསལ་གྱིས་དབུ་མ་གསན་སའི་སྐྱི་རྒྱལ་བའི་གཙུག་ཏོར། བསྟན་པ་ཕྱི་དར་གྱི་མགོར་བྱོན་པའི་གསང་སྔགས་སྔ་འགྱུར་གྱི་སློབ་དཔོན་སྐྱི་ ཆོས་ཀྱི་སེང་གེ། ཇོ་ནང་ཆོས་རྒྱུད་ཐོག་མར་གསར་བཏོད་མཛད་པ་བོ་དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱིས་ ཕར་ཕྱིན་དང་མངོན་པ་གསན་ཡུལ་སྐྱི་སྟོན་འཇམ་དབྱངས་གྲགས་པ། གནམ་རི་སྲོང་བཙན་གྱི་བློན་པོ་ཉང་ཙེང་གུ། བློན་པོ་མཛངས་མི་མི་བདུན་གྱི་ལྔ་བ་སྟེ་སྲོང་བཙན་སྒམ་པོའི་བློན་པོ་ཉང་ཁྲི་ བཟང་ཡང་སྟོན་སོགས་རུས་རྒྱུད་དེ་གཉིས་ལས་མཁས་པ་དང་བློན་པོ་མང་དུ་བྱུང་འདུག  སྐབས་འགར་ཉང་ལ་མྱང་ཞེས་བྲིས་པའང་ཡོད་དེ། རུས་རྒྱུད་འདི་གཙོ་བོ་ཀོང་པོ་ས་ཁུལ་དུ་གཞིས་ཆགས་པས་ཉང་ཡུལ་སྟོད་སྨད་བར་ གསུམ་ཞེས་རུས་མིང་ཡུལ་ལ་ཐོགས་པ་དང་། ཡུལ་མིང་ཆུ་ལ་ཐོགས་ཏེ་ཉང་ཆུའམ་མྱང་ཆུ་ཞེས་འབོད་པར་ཡང་བཤད་དོ། །འདིའི་སྐོར་རྒྱས་པ་མྱང་ཆོས་འབྱུང་ལ་གཟིགས་པར་ཞུའོ། །
      ཁྱུང་གི་རུས་རྒྱུད་ནི་ངག་རྒྱུན་ལ། དང་བོར་ཁྱུང་གི་སྒོ་ང་དཀར་བོ་དང་། ནག་པོ། སེར་བོ་གསུམ་བྱུང་བ་ལས། དཀར་བོ་མངའ་རིས་སུ་ཆགས་པ་ལ་མངའ་རིས་ཀྱི་ཁྱུང་བོ་དང་། ནག་པོ་གཙང་སྟོད་དུ་འཕུར་བ་ལས་གཙང་སྟོད་ཀྱི་ཁྱུང་བོ། སེར་བོ་ཁམས་སུ་འཕུར་བ་ལས་ཁྱུང་བོ་སེར་ཚ་ཞེས་བར་ཁམས་ཀྱི་ཡུལ་མི་རྣམས་བྱུང་ བར་བཤད་དོ། །ཞང་བོད་ལོ་རྒྱུས་ཏི་སིའི་འོད་དུ། དོན་དུ་སྤྲའི་ནང་ཁོངས་སུ་གཏོགས་པའི་རུས་ཚན་བྱེ་བྲག་འགའ་ལ་བསེ་དང་ཁྱུང་ཞེས་ བྱ་བ་ཡིན། ཞེས་དང་། ཞང་ཞུང་གི་མི་རྒྱུད་དེ་རྣམས་ཀྱང་གཙོ་ཆེར་ཁྱུང་གི་རུས་ཚན་ལས་གྱེས་པ་ཡིན་ སྟབས་ཡུལ་ཁམས་ལའང་ཁྱུང་སྟེ། ཞང་ཞུང་གི་གནའ་སྐད་དུ་ཞུང་ཞེས་པའི་ཐ་སྙད་འདི་བྱུང་ཡོད་པ་ནི་གོར་མ་ཆགས། ཞང་ཞེས་པའི་ཐ་སྙད་འདི་ནི་ཕྱིས་སུ་བོད་ཀྱིས་སྦྱར་བའི་ཐ་སྙད་ཅིག་ཡིན་ལས་ཆེ་ ཞེས་སོགས་མང་དུ་བརྗོད་འདུག་སྟེ་བདེན་མིན་དཔྱོད་ལྡན་རྣམས་ཀྱིས་དལ་བུར་དཔྱད་ པར་མཛོད།
      གཉའ་ཁྲི་བཙན་པོའི་སྐབས་བཙན་པོ་ཡབ་ཀྱི་མངའ་ཁོངས་སུ་གཏོགས་པའི་ཡབ་འབངས་རུས་ དྲུག་གི་ནང་ཚན་དུའང་ཁྱུང་གི་རུས་ཡོད་དེ། དེ་དྲུག་ནི་བཙན་པ་ལྷོ་དང་གཉགས་གཉིས། བཙུན་པ་ཁྱུང་དང་སྣུབས་གཉིས། གཉན་པ་བསེ་དང་སྦོ་གཉིས་བཅས་སོ། །བོད་རུས་ཆེན་བཞིའི་ཡ་གྱལ་ལྡོང་ལ་ནང་གསེས་རུས་ཆེན་བཅོ་བརྒྱད་ཡོད་པའི་ཁྲོད་ དུའང་ཁྱུང་གི་རུས་ཚན་འདི་ཡོད་ཡོད་དོ། དེའི་ཕྱིར་ཁྱུང་གི་རུས་རྒྱུད་ནི་ཁྱབ་རྒྱ་ཧ་ཅང་ཆེ་བ་ཞིག་གོ། །ཁྱུང་གི་རུས་རྒྱུད་དུ་ཁྱུང་བོ་སྤུངས་སད་ཙེ་ཞེས་གནམ་རི་སྲོང་བཙན་དང་སྲོང་ བཙན་སྒམ་པོ་གཉིས་ཀྱི་བློན་པོ་བྱས་མྱོང་བ་དེ་དང་། རྭ་ལོ་ཙཱ་བ་སོགས་དང་དུས་མཉམ་པའི་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ ཁྱུང་བོ་གྲགས་སེ། ཡིག་མཁན་ཆེན་མོ་ཁྱུང་བོ་གཡུ་ཁྲི། རྗེ་རིན་པོ་ཆེས་རྒྱུད་སྡེ་བཞིའི་ཟུར་བཀའ་གསན་ཡུལ་གྱི་བླ་མའི་གཙོ་བོ་ཁྱུང་ བོ་ལྷས་པ་གཞོན་ནུ་བསོད་ནམས་སོགས་གངས་ལྗོངས་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གྲགས་ ཅན་མང་དུ་བྱོན་མྱོང་ངོ་། །
  ༥༣ རུ་ནི་བརྡ་རྙིང་ལ་དམག་གི་མིང་ཡིན______འདི་ནི་ངེས་པར་དུ་ཤེས་དགོས་པ་ཞིག་ སྟེ། ད་སྐབས་མང་བོ་ཞིག་གིས་བར་དབུས་གཙང་རི་བཞི་ཞེས་ལྷ་སའི་ལྕགས་པོ་རི་དང་། བསམ་ཡས་ཧེ་པོ་རི། དཔལ་ཆེན་ཆུ་བོ་རི། རྩེད་ཐང་མགོན་པོ་རི་སོགས་འདྲ་འདྲ་འགྲིག་འགྲིག་གིས་འདྲེན་པར་བྱེད་མོད། བོད་ཀྱི་ལོ་རྒྱུས་ལ་ཡོངས་སུ་གྲགས་པ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས། དབུས་ལ་དབུ་རུ་དང་གཡོ་རུ། གཙང་ལ་གཡས་རུ་དང་རུ་ལག་བཅས་དམག་ཁག་ཆེན་པོ་བཞི་རུ་ཕྱེས་པ་ལ་བསྡུས་མིང་དུ་བར་ དབུས་གཙང་རུ་བཞིར་འབོད་ཅིང་། དེའི་སྟེང་དུ་སུམ་པའི་རུ་བསྣན་ན་དེ་དུས་རུ་ཆེན་ལྔ་ཡོད་འདུག་གོ། །སྤྱི་ལོའི་དུས་རབས་བཅུ་བདུན་པར། གཡས་རུ་དང་གཡོན་རུ། སྦུས་རུ། གུང་རུ་ཞེས་མིང་བསྒྱུར་ཚུལ་མཁས་དབང་དུང་དཀར་རིན་པོ་ཆེས་གསུངས། དེ་དུས་དམག་ཁག་རྣམས་ཀྱི་རྟའི་ཁ་དོག་དང་རུ་འདྲེན་དར་ཆའང་མི་འདྲ་བ་ཡོད་འདུག་ སྟེ། བོད་ཀྱི་ལོ་རྒྱུས་ཁུངས་བཙུན་དག་ལས། བོད་རྗེ་ཆོས་རྒྱལ་སྐབས་དམག་གི་རུ་འདྲེན་དར་ཆ་ནི། མངའ་བདག་སྲོང་བཙན་སྒམ་པོའི་སྐུ་དུས་དབུ་རུ་སྟོད་སྨད་ཀྱི་དམག་གི་རུ་དར་དམར་ བོ་ལྕེ་ཁྲ། དཔལ་དར་༼འདི་ནི་དཔའ་རྟགས་དཔའ་དར་ལྟ་བུ་ཞིག་ལ་འཇུག་པར་བཤད། ༽དམར་བོ། གཡས་རུ་སྟོད་སྨད་ཀྱི་རུ་དར་སེང་གེ་དམར་བོ། དབལ་དར་དཀར་བོ་སྙིང་ནག  རུ་ལག་སྟོད་སྨད་ཀྱི་རུ་དར་སེང་གེ་གནམ་མཆོངས། དབལ་དར་ནག་པོ། གཡོ་རུ་སྟོད་སྨད་ཀྱི་རུ་དར་ནག་པོ་བྱ་ཁྱུང་ཅན། དབལ་དར་སྐྱེར་ཁ་སོགས་ཡིན་ཞིང་། ཁྲི་སྲོང་ལྡེ་བཙན་གྱི་སྐབས་རྒྱ་ནག་ལ་དམག་འདྲེན་དུས་གཙང་རུ་ལག་སྟོང་སྡེ་ བརྒྱད་ཀྱི་རུ་དར་སེང་གེ་དཀར་མོ་གནམ་དུ་མཆོངས་པ། རུ་ལག་སྨད་སྟོང་སྡེ་བརྒྱད་ཀྱི་རུ་དར་དར་དཀར་ཐང་འགེབས།  གཡས་རུ་སྟོད་སྟོང་སྡེའི་རུ་དར་ནག་པོ་མཚོ་འདྲ། གཡས་རུ་སྨད་སྟོང་སྡེའི་རུ་དར་སེང་གེ་གོང་བཀྲ། དབུ་རུ་སྟོད་སྟོང་སྡེའི་རུ་དར་དམར་བོ་ལ་དར་ལྕེ་དཀར་བོ་ཡོད་པ། དབུ་རུ་སྨད་སྟོང་སྡེའི་རུ་དར་སེང་གེ་གོང་ནག  གཡོ་རུ་སྟོད་སྟོང་སྡེའི་རུ་དར་སེང་གེ་ཁ་སྤྲོད། གཡོ་རུ་སྨད་སྟོང་སྡེའི་རུ་དར་དར་ཚོན་སྣ་ལྔས་མཛེས་པ་ཞིག་ཡིན་པར་བཤད་དོ། །འདི་དག་ནི་ངེས་པར་དུ་ཤེས་དགོས་པ་ཤ་སྟག་གོ། །
  ༥༤ ཐང་ཡིག______སྤྱིར་ཐང་ཡིག་ཅེས་པ་ལ་སློབ་དཔོན་པད་མ་འབྱུང་གནས་ཀྱིས་གསུངས་ ཤིང་ཞུ་བ་བོ་མི་འདྲ་བའི་ཆ་ནས་བཏགས་པའི་ཐང་ཡིག་སྡེ་ལྔ་དང་། རྒྱ་ནག་གི་ལོ་རྒྱུས་ལ་དེབ་ཉེར་བཞི་མཆིས་པའི་ནང་དུ་ཐང་རྒྱལ་རབས་ཀྱི་ལོ་ རྒྱུས་བཀོད་པའི་ཐང་ཡིག་གསར་རྙིང་ཞེས་རིགས་གཉིས་ཡོད་པ་ལས། སྐབས་འདིར་ནི་ སློབ་དཔོན་པད་མ་འབྱུང་གནས་ཀྱིས་གསུངས་ཤིང་ཞུ་བ་བོ་མི་འདྲ་བའི་ཆ་ནས་བཏགས་ པའི་ཐང་ཡིག་ལ་གོ་དགོས། དེ་ལ་སློབ་དཔོན་པད་མ་འབྱུང་གནས་ཉིད་ཀྱི་སྐུ་ཚེ་སྔ་ཕྱིའི་རྣམ་ཐར་གསལ་བའི་པད་ མ་བཀའ་ཐང་། ཁྲི་སྲོང་ལྡེ་བཙན་གྱིས་ཞུས་ཤིང་སློབ་དཔོན་གྱིས་གསུངས་པའི་རྒྱལ་བོ་བཀའ་ཐང་། བློན་པོ་རྣམས་ཀྱིས་ཞུས་ཤིང་སློབ་དཔོན་གྱིས་གསུངས་པའི་བློན་པོ་བཀའ་ཐང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་ལྷ་ལྕམ་མན་དྷ་ར་བ་སོགས་ཀྱིས་ཞུས་ཏེ་སློབ་དཔོན་ གྱིས་གསུངས་པའི་བཙུན་མོ་བཀའ་ཐང་། ལྷ་འདྲེ་མང་བོ་སློབ་དཔོན་གྱིས་བཏུལ་ཏེ་གསུངས་པའི་ལྷ་འདྲེ་བཀའ་ཐང་བཅས་ཐང་ ཡིག་སྡེ་ལྔ་ཡོད་དོ། །རྒྱའི་ཐང་ཡིག་གསར་རྙིང་ཡང་བོད་ཀྱི་ལོ་རྒྱུས་དང་འབྲེལ་ས་མང་ཞིང་། ཁྱད་པར་དུ་དེབ་དཀར་གྱི་མང་བོ་ཞིག་གི་ཁུངས་གཏུགས་ས་ལྟ་བུར་དོན་གྱིས་སོང་ འདུག་པས། འདིར་མདོ་ཙམ་ངོ་སྤྲད་ན། ཐང་ཡིག་རྙིང་མ་ནི་ཅིན་རྒྱལ་རབས་ཕྱི་མའི(后晋)སྐབས་ཏེ་སྤྱི་ལོ ༩༤༡ ལོར་རྩོམ་པའི་དབུ་བཙུགས་ཤིང་སྤྱི་ལོ ༩༤༥ ལོར་བརྩམས་གྲུབ། ཐང་ཡིག་རྙིང་མ་འབྲི་དུས་ཐང་རྒྱལ་རབས་ནུབ་སྟེ་ལོ་ངོ་བཞི་བཅུ་ཡས་མས་ལས་མ་འདས་ པའི་ཕྱིར་རྩོམ་པ་བོ་རྣམས་ཀྱིས་ཐང་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་ཆ་མང་བོར་ གཟིགས་ཐུབ་པས་སྐབས་དེའི་ལོ་རྒྱུས་བཀོད་པ་ཅུང་ཞིབ་ཕྲ་ཡིན་ཡང་། སྐབས་དེར་དམག་འཁྲུག་གི་འུར་ཟིང་ཆེ་ཞིང་རྩོམ་པ་བོ་རྣམས་ཀྱི་ཡོན་ཚད་དམའ་བ་ སོགས་རྒྱུ་རྐྱེན་སྣ་ཚོགས་ཤིག་གིས་གོ་རིམ་དང་སྡེབ་སྦྱོར་སོགས་དེ་འདྲའི་ལེགས་ པོ་ཞིག་མ་འཁྱོངས་པར་བཤད། ཐང་ཡིག་རྙིང་མ་ལ་ཁྱོན་གླེགས་བམ་ཉིས་བརྒྱ་ཡོད་པ་ལས། གླེགས་བམ་བརྒྱ་དང་གོ་དྲུག་པར་སྟོད་སྨད་ཀྱི་ཆ་གཉིས་སུ་ཕྱེས། དེ་ལ་གླེགས་ཐོ་ཟུར་བཀོད་མའི་ཨང་བརྒྱ་དང་ཞེ་དྲུག་པའི་སྟོད་སྨད་ཀྱི་ཆ་གཉིས་ སུ་ཕྱེས་པར། ཐུ་བྷོད་ཀྱི་སྟོད་ཆ་དང་ཐུ་བྷོད་ཀྱི་སྨད་ཆ་ཞེས་རང་རེ་བོད་དང་འབྲེལ་ཡོད་ཀྱི་ ལོ་རྒྱུས་དག་ཅུང་གསལ་ཞིབ་ཀྱིས་བཀོད་ཡོད་ཅིང་།
      ཐང་ཡིག་གསར་མ་ཞེས་པ་ནི་པེ་སུང(北宋)རྒྱལ་རབས་ཀྱི་སྐབས་ཏེ་སྤྱི་ལོ ༡༠༤༤ ལོར་རྩོམ་པའི་དབུ་བཙུགས་ཤིང་སྤྱི་ལོ ༡༠༦༠ ལོར་ཡོངས་སུ་གྲུབ། རྩོམ་ཡུན་ལོ་ངོ་བཅུ་བདུན་འགོར། ཐང་ཡིག་རྙིང་མ་དང་བསྡུར་ན་ཞིབ་ཆ་ཆེ་ཞིང་རྩོམ་རྩལ་མཐོ། ལྷག་པར་དུ་ཐང་རྒྱལ་རབས་ཀྱི་དུས་འཇུག་གི་ལོ་རྒྱུས་ཤིན་ཏུ་གསལ་བར་བཤད།  ཐང་ཡིག་གསར་མ་འདི་ལ་ཁྱོན་གླེགས་བམ་ཉིས་བརྒྱ་དང་ཉེར་ལྔ་མཆིས་ཏེ། གླེགས་བམ་ཨང་ཉིས་བརྒྱ་དང་བཅུ་དྲུག་པར་སྟོད་སྨད་གཉིས་སུ་ཕྱེས་པ་ལས། གླེགས་ཐོ་ཟུར་བཀོད་མའི་ཨང་བརྒྱ་དང་ཞེ་གཅིག་པའི་སྟོད་ཆ་དང་སྨད་ཆར་ཡང་ཐུ་བྷོད་ཀྱི་སྟོད་ཆ་དང་སྨད་ཆ་ཞེས་རང་རེ་བོད་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་བཀོད་ ཡོད། ཐང་ཡིག་གསར་རྙིང་གཉིས་ནི་རང་རེ་བོད་ཀྱི་སྔོན་བྱོན་ལོ་རྒྱུས་སྨྲ་བ་དུ་མས་མཐོང་ཆེན་མཛད་དེ་ཚིག་དུམ་མང་བོ་དྲངས་ཡོད་ལ། དེབ་དཀར་དུའང་རྒྱ་བོད་བར་གྱི་ལོ་རྒྱུས་ཆེས་གསལ་ཤོས་སུ་བགྲངས་ཡོད་པ་ལྟར་རེད། ཐང་ཡིག་གསར་རྙིང་དུ་བཀོད་པའི་ཐུ་བྷོད་ཀྱི་གླེགས་བམ་དག་ནི་བོད་ཀྱི་སྲིད་ ལུགས་དང་འབྲེལ་བའི་ལོ་རྒྱུས་དེབ་ཐེར་ཞིག་ཡིན་ལ་ཏུན་ཧོང་གཏེར་ཡིག་ཏུ་གསལ་བའི་བོད་ཀྱི་ལོ་རྒྱུས་ལའང་སྒོ་མཐུན་ས་མང་བས། ཉེ་རབས་བོད་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་ཀྱང་གདེང་འཇོག་ཆེས་ཆེར་བྱས་དང་བྱེད་ མུས་སུ་མཆིས་སོ། །དེབ་འདི་གཉིས་སྔར་ཡང་ཐོར་བུ་ཐོར་བུའི་ཚུལ་གྱིས་བོད་སྐད་དུ་བསྒྱུར་བ་ཡོད་ འདུག་ལ་ལོ་ཙཱ་བ་ཆེན་པོ་དགེ་འདུན་ཆོས་འཕེལ་གྱིས་རྒྱ་གར་ནས་ཆ་ཚང་བོད་སྐད་དུ་ བསྒྱུར། སྤྱི་ལོ ༡༩༨༠ ལོར་རིགས་པ་སྨྲ་བ་དགུ་རོང་དོན་འགྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་ བསྐྱར་བསྒྱུར་གནང་སྟེ་མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་གིས་དཔར་དུའང་དཀོད་ འདུག་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས་སོ། །
  ༥༥ ཀ་ཆུ______ད་སྐབས་ཀན་སུའུ་ཞིང་ཆེན་ཉིང་ཞ་ཧེ་རིགས་རང་སྐྱོང་ཁུལ།
  ༥༦ ཐོ་ཆུ______ད་སྐབས་ཀན་སུའུ་ཞིང་ཆེན་ལིན་ཐེན་རྫོང་ཁོངས།
  ༥༧ སི་ཆུ______ད་སྐབས་ཀྱི་སི་ཁྲོན་ནུབ་བྱང་རྒྱུད་དུ་ཡོད་པའི་ས་ཆ་ཞིག་ལ་ངོས་འཛིན་གྱིན་འདུག  
  ༥༨ ཀླུ་ཆུ______ཆུ་བོ་འདིའི་མགོ་ཁུངས་ནི་ད་ལྟ་ཀན་སུའུ་མདོ་ལྷོ་ཁུལ་ཀླུ་ཆུ་ རྫོང་གི་ཀླུའི་ཆབ་བྲག་ཅེས་པ་དེ་ཉིད་ཡིན་པས་གནས་མིང་ཆུ་ལ་ཐོགས་ཏེ་ཀླུ་ཆུ་དང་ ཆུ་མིང་ཡུལ་ཅན་ལ་ཐོགས་ཏེ་ཀླུ་ཆུ་བ་ཞེས་འབོད། ཆུ་བོ་འདིའི་རྒྱུད་དང་ཉེ་འདབས་སུ། བོད་རིགས་རོང་འབྲོག་ནམ་མཁའི་སྐར་ཚོགས་བཀྲ་བ་ལྟར་ཡོད་ཅིང་། ཆོས་འཁོར་སྒར་གསར་ཤེར་ཕྱིན་གླིང་དང་རྨོག་རི་དགོན། ཉུག་ཆེན་རི་ཁྲོད། སྤང་མཐིལ་རི་ཁྲོད། ཁྱ་དགེ་ལེགས་བཤད་གླིང་། སྟག་ཚང་ལྷ་མོ་དང་ཀིརྟི་དགོན་སོགས་ཆོས་སྡེ་ཆེ་ཆུང་མང་དུ་མཆིས་སོ། །
  ༥༩ རྫ་ཆུ______བོད་ཀྱི་ཆུ་བོ་ཆེན་པོ་བཞིའི་ཡ་གྱལ་ཏེ། ཁམས་ཏྲེ་ཧོར་ཁོག་དཀར་མཛེས་ལ་བརྒྱུད་ནས་འབབ་ཀྱིན་ཡོད་ལ། གཞན་ཟླ་ཆུའི་ཡན་ལག་ཏུ་གྲགས་པའི་རྫ་ཆུ་ནི་མཚོ་སྔོན་རྫ་སྟོད་རྫོང་ཁོངས་རི་བོ་ ཤྭ་ར་སྐྱ་ནས་བབས་ཏེ་ཆབ་མདོར་ངོམ་ཆུ་དང་འདྲེས་རྗེས། སྨར་ཁམས། ཡུན་ནན་སོགས་བརྒྱུད་ནས་མེ་ཀོང་གཙང་བོ་ཞེས་པར་འདྲེས་ནས། འབར་མ་སོགས་རྒྱལ་ཁབ་དྲུག་ཙམ་བརྒྱུད་དེ་མཐར་ལྷོ་ཕྱོགས་རྒྱ་མཚོའི་ནང་དུ་འབབ་ ཀྱིན་ཡོད།
  ༦༠ ཆུ་ཆེན་ཕལ་ཆེར་གྱི་ཆུ་མགོ་བོད་ན་ཡོད______རང་རེ་བོད་ཁ་བ་ཅན་ནི་འཛམ་གླིང་གི་ ཆེས་མཐོ་སྒང་དུ་གནས་ཡོད་ཕྱིར་འཛམ་གླིང་གི་རྒྱ་ཕིབས་ཞེས་འབོད་ལ། ཆུ་བོ་གྲགས་ཅན་ཆེས་མང་བོ་ཞིག་གི་མགོ་ཁུངས་བོད་ན་ཡོད་པས་རྒྱ་ནག་སོགས་ཀྱིས་ ཆུ་བོའི་མཆོད་རྟེན་ཞེས་ཀྱང་འབོད། མང་བོ་ཞིག་གིས་ཆུ་བོ་གང་གཱ་དང་སིན་དྷཱུ། སི་ཏཱ། པཀྵུ་བཞི་ལ་རྒྱ་གར་གྱི་ཆུ་བོ་ཆེན་པོ་བཞི་ཞེས་འབོད་ཀྱང་། འབྱུང་ཁུངས་དངོས་ནི་བོད་ཀྱི་ས་ཆ་ཡིན་ཏེ། མཛོད་ལས། མ་དྲོས་པ་ཡི་ཆུ་ཞེང་དུ་། །དཔག་ཚད་ལྔ་བཅུ་ལྔ་བཅུ་སྟེ། །ངོས་ལ་རིན་ཆེན་ཕ་གུ་བརྩེགས། །དེ་ལས་འབབ་པའི་ཆུ་བོ་བཞི། །གང་གཱ་དང་ནི་སིན་དྷཱུ་དང་། །སི་ཏ་དང་ནི་པཀྵུ་འོ། །ཞེས་གསུངས་པ་ལྟར་མཚོ་མ་ཕམ་པའམ་མ་དྲོས་པ་ནི་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་ སྤུ་ཧྲེང་རྫོང་གི་དབུས་སུ་ཡོད་ཅིང་། མཚོ་དེའི་ཕྱོགས་བཞི་ནས་ཆུ་བོ་དེ་བཞི་འབབ་ལ། ཡང་ན་དེ་དང་ཁད་ཉེ་བའི་གངས་ཏི་སིའམ་གངས་རིན་པོ་ཆེའི་ཤར་ཕྱོགས་ཀྱི་བྲག་རྟ་ མཆོག་གི་ཁ་འདྲ་བ་ནས་ཆུ་བོ་གང་གཱ། ལྷོ་ཕྱོགས་ཀྱི་བྲག་རྨ་བྱའི་ཁ་འདྲ་བ་ནས་ཆུ་བོ་པཀྵུ། ནུབ་ཕྱོགས་ཀྱི་བྲག་གླང་བོ་ཆེའི་ཁ་འདྲ་བ་ནས་ཆུ་བོ་སིན་དྷཱུ། བྱང་ཕྱོགས་ཀྱི་བྲག་སེང་གེའི་ཁ་འདྲ་བ་ནས་ཆུ་བོ་སི་ཏཱ་བཅས་འབབ་བཞིན་པ་ཡིན་ འདུག་གོ། ༼ཁ་འབབ་རྣམ་བཞིའི་ཕྱོགས་དང་དབྱིབས་ལ་འདོད་ཚུལ་མི་འདྲ་བ་གཞན་ཡང་ཡོད།༽ དེ་ནས་ཆུ་བོ་ཆེན་པོ་དེ་དག་རིམ་བཞིན་བལ་བོ་དང་། ཁ་ཆེ། རྒྱ་གར་སོགས་ས་གནས་མང་བོ་བརྒྱུད་དེ་མཐར་ཧིན་དྷཱུ་རྒྱ་མཚོ་དང་ཞན་ཧེའི་རྒྱ་ མཚོ། ཨ་ར་པི་རྒྱ་མཚོ་རྣམས་སུ་འདྲེས་པར་བཤད་དོ། །དེ་བཞིན་དུ་རྨ་ཆུ་དང་འབྲི་ཆུ། ཟླ་ཆུ། རྫ་ཆུ། རྒྱལ་མོ་དངུལ་ཆུ། དགུ་ཆུ། ཙོང་ཆུ། རྔ་ཆུ། སྨར་ཆུ། སོ་མང་ཆུ་བོ། འབྲུག་ཆུ། བསང་ཆུ་སོགས་ཆུ་བོ་མཐའ་ཡས་པ་བོད་ནས་འབབ་པས། སྲིད་དོན་རྒྱལ་རབས་ལས། ཆུ་ཕྲན་ནི་བརྗོད་ཀྱིས་མི་ལངས་པ་འབབ་པས་ཤར་ཕྱོགས་ཡུལ་གྱི་ཆུ་བོ་གལ་ཆེན་རྣམས་ འབྱུང་བའི་རྩ་བ་ལྟ་བུ་ཡིན་ནོ། །ཞེས་གསུངས་པའང་ཆེས་ཆེར་དོན་ལ་གནས་པ་ཡིན་ནོ།

འབྲེལ་ཡོད་འོས་སྦྱོར།