logo

རྒྱལ་རབས་དེབ་ཐེར་དཀར་བོའི་མཆན་འགྲེལ།

རྩོམ་པ་པོ།:མཁས་དབང་དགེ་འདུན་ཆོས་འཕེལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-28 ཀློག་གྲངས།:
  ༣༢ གོང་མ་རྒྱལ་ས་ནས་བྲོས་ཚུལ______ལོ་རྒྱུས་འདི་ནི་འཛམ་གླིང་གི་རྒྱལ་བོ་ཞེས་ དོན་ལ་གནས་པའི་གྲགས་དཀར་གྱིས་ས་ཆེན་ཁྱབ་པའི་བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་ ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱུང་བ་ཞིག་སྟེ། དེབ་དཀར་རྩོམ་འཕྲོར་ལུས་ཕྱིར་ཁོང་གི་ལོ་རྒྱུས་བཀོད་མེད་པས་འདིར་མདོ་ཙམ་ བརྗོད་ན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནི་སྤྱི་ལོ ༧༩༠ ལོར་༼ལོ་ཚིགས་འདི་དང་གཤམ་དུ་འགོད་རྒྱུ་མང་བོ་ཞིག་སྐར་རྩིས་ཀུན་འདུས་ནོར་བུ་ གཞིར་བཞག་པ་སྟེ་བཞེད་ཚུལ་གཞན་དང་གཞན་ཡང་ཡོད། ༽ ཡབ་ཁྲི་ལྡེ་གཙུག་བརྟན་དང་ཡུམ་གྱིམ་ཤིང་ཀོང་ཇོ་གཉིས་ཀྱི་སྲས་སུ་༼ཏུན་ཧོང་ གཏེར་ཡིག་དུ་མ་ཡུམ་ནི་བཙུན་མོ་ཆེ་བ་སྣ་ནམ་བཟའ་ཡིན་པར་བཤད་ཅིང་དེང་སང་མང་བོ་ ཞིག་གིས་དེ་འཐད་ལྡན་དུ་བཟུང་སྟེ་ཁྲི་སྲོང་ལྡེ་བཙན་རྒྱ་ཚ་མ་ཡིན་པའི་ལྟ་ཚུལ་ བརྗོད་ཀྱིན་ཡོད། ༽ སྐུ་འཁྲུངས། དགུང་ལོ་བཅུ་གསུམ་པར་༼གཞུང་ལ་ལར་བཅུ་བཞི་ཞེས་འབྱུང་།༽རྒྱལ་སར་འཁོད། བློན་པོ་འགོས་ཁྲི་བཟང་སོགས་ཀྱི་ཐབས་ཇུས་དང་རོགས་རམ་ལ་བརྟེན་ནས་སྡིག་བློན་མ་ ཞང་དྲོན་པ་སྐྱེས་གསོན་དུར་དུ་བཅུག༼བོད་ཀྱི་སྲིད་དོན་རྒྱལ་རབས་ལས། གསོན་པོར་དུར་དུ་བཅུག་ཟེར་བ་ནི། ཕལ་ཆེ་བས་གསོན་པོར་དུར་དུ་སྦས་ཏེ་བསད་པ་ལྟ་བུར་བསམས་པས། དེ་ལྟར་མ་ཡིན་ཏེ། རྒྱལ་བོའི་བཀའི་ཐང་ཡིག་ནང་། བང་སོའི་སྐོར་ལ། ནང་བློན་གང་ཡིན་རྒྱལ་བོའི་བང་སོ་བསྲུང་༔ གཤིན་པོའི་ཚུལ་བཟུང་པུར་གྱི་འབངས་སུ་བསྔོས༔གསོན་གཤིན་དབྱེ་བྱས་མི་ཡི་ཁྱུ་ ནས་བུད༔ ཅེས་གསལ་བ་ལྟར། གསོན་པོར་དུར་དུ་བཅུག་པའམ། ཡང་ན་པུར་གྱི་འབངས་སུ་བསྔོས་ན། མི་དེ་དུར་རམ། བང་སོར་བསྡདདེ། གསོན་པོའི་མི་དང་འཕྲད་མི་ཆོག་པ་དང་། རྒྱལ་རིགས་སོགས་དུར་མཆོད་བྱེད་པོ་དང་། དུར་དུ་གནས་པ་རྣམས་ལ་ལྟོ་དང་། གོས་སོགས་མཁོ་བའི་ཡོ་ཆས་སྐྱེལ་མི་རྣམས་དུར་སར་ཡོང་དུས། ཐག་རིང་བོ་ནས་དུང་ཞིག་བཏང་བ་དང་གཤིན་པོའི་མིང་བཏགས་པ་རྣམས་རང་རང་གི་ཁྱིམ་ དུ་ཡིབས་ཏེ་སྡོད་ཅིང་། དུར་མཆོད་པའམ་ཡོ་ཆས་བསྐྱལ་ཏེ་ཕྱིར་ལོག་བྱེད་པའི་སྐབས་སུའང་དུང་ཞིག་བཏང་བ་ན། གཤིན་པོའི་མིང་ཅན་རྣམས་ཕྱིར་ཐོན་ནས་རང་རང་གི་ཐོབ་འོས་པའི་ཟས་གོས་ལ་ལོངས་སུ་ སྤྱོད་ཅིང་སྡོད་པ་དང་། དེ་དག་གི་སྒོ་ཕྱུགས་སེམས་ཅན་ལ་ཤི་བའི་མཚན་མ་བཏབ་ཡོད་པས་གསོན་པོ་སུས་ཀྱང་ བདག་ཉར་མི་བྱེད། ཡང་གསོན་པོའི་སྒོ་ཕྱུགས་སོགས་དུར་སར་སླེབས་པ་ཡིན་ཚེ། གཤིན་པོའི་མིང་ཅན་ཚོས་བཟུང་སྟེ་ཤི་བའི་མཚན་མ་བཏབ་ཡོད་ན་དེ་དག་དུར་ས་རང་དུ་ བསྐྱེལ་བ་ལས་སུས་ཀྱང་བདག་འཛིན་བྱེད་སྲོལ་མེད་པ་དེ་ལྟར། བློན་པོ་ཆེན་པོ་མ་ཞང་ཁྲོམ་པ་སྐྱེས་དང་སྟག་ར་ཀླུ་གོང་གཉིས་ཀྱང་དེ་དང་མཚུངས་ པ་ཞིག་ཡིན་པར་མངོན། ཞེས་གསུངས། ༽སྟག་ར་ཀླུ་གོང་བྱང་ཕྱོགས་སུ་སྤྱུགས། མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པད་མ་འབྱུང་གནས་གཉིས་སྤྱན་དྲངས་ཏེ་སྤྱི་ལོ ༨༡༡ ལོར་བོད་ཀྱི་དགོན་པ་དང་སློབ་གྲྭའི་ཐོག་མ་བསམ་ཡས་༼རྒྱའི་སན་ཡང 三样 ས་པའི་སྒྲ་སྟེ་བོད་སྐད་དུ་ལུགས་གསུམ་ཟེར་བ་ཡིན་ཞེས་ལྕང་སྐྱ་རིན་པོ་ཆེས་ བཞེད།༽གཙུག་ལག་ཁང་བཞེངས་ཤིང་སད་མི་མི་བདུན་ལ་རབ་བྱུང་བསྒྲུབ་ཏུ་བཅུག  ཁམས་ཡས་མས་སུ་ཆོས་གྲྭ་ཆེན་པོ་བཅུ་གཉིས་བཙུགས། རྒྱ་བལ་གྱི་ལོ་པཎ་མང་བོ་གདན་དྲངས་ནས་མདོ་རྒྱུད་མང་བོ་བོད་སྐད་དུ་བསྒྱུར་ ཞིང་སྐད་གསར་བཅད་མཛད། ཧྭ་ཤང་མ་ཧཱ་ཡ་ན་དང་སློབ་དཔོན་ཀ་མ་ལ་ཤཱི་ལ་གཉིས་ཀྱི་རྩོད་པའི་དཔང་བོར་བཞུགས་ ཏེ་བསྟན་པ་ཡང་དག་སྤེལ་བའི་སྲོག་ཤིང་གནང་། ནུབ་བལ་བོ་དང་བྱང་ལི་ཡུལ། ལྷོ་འཇང་དང་སྟོད་རྒྱ་གར་གྱི་ཆུ་བོ་གང་གཱ་ཚུན་ཆད་སླར་ཡང་མངའ་འོག་ཏུ་བསྡུས་ པས་བོད་ཀྱི་སྟོབས་དཔུང་ཆེས་ཆེར་རྒྱས། བན་བོན་གཉིས་ལ་རིག་པའི་སྒོ་ནས་རྒྱལ་ཕམ་རྩོད་དུ་བཅུག་སྟེ་ནང་ཆོས་རྒྱ་ཁྱབ་དུ་ སྤེལ། བཙུན་མོ་གསུམ་༼ལོ་རྒྱུས་ལ་ལར་ལྔ་ཞེས་འབྱུང་། ༽ ཁབ་ཏུ་བཞེས་པ་ལས་གཞན་དག་ལ་སྲས་མ་བྱུང་ཞིང་། ཚེ་སྤོང་བཟའ་མེ་ཏོག་སྒྲོན་ལ་སྲས་མུ་ནེ་བཙན་པོ་འཁྲུངས་སོ། །
      གཞན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་རྒྱ་བོད་བར་དམག་འཁྲུག་ཆེན་པོ་ བརྒྱབས་ནས་མངའ་ཐང་རྒྱ་བསྐྱེད་པ་ཡིན་ཏེ། བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་དུ་རྒྱ་ནག་རང་གི་ཡིག་ཆར་བཀོད་པ་ཇི་བཞིན་ དྲངས་པ་ནི། བོད་རྗེ་ཁྲི་སྲོང་ལྡེ་བཙན་གྱིས། བློན་པོ་ཞང་རྒྱལ་ལྷ་སྣང་། ཞང་མཆིམས་རྒྱལ་གཟིགས་ཤུ་ཏིང་། སྟག་སྒྲ་ཀླུ་གོང་། ༼འདི་བྱང་ཕྱོགས་སུ་སྤྱུགས་པའི་སྟག་ར་ཀླུ་གོང་དང་མི་འདྲ།༽ ལྷ་བཟང་ཀླུ་དཔལ་རྣམས་དམག་འབུམ་ཕྲག་གཉིས་དང་བཅས་ལ་རྒྱ་ནག་ཕྱོགས་སུ་དཔུང་ འཇུག་དགོས་པའི་བཀའ་བསྩལ་བ་བཞིན་ཁོང་ཚོས་རྒྱའི་གྲོང་ཁྱེར་ཅིང་ཅོར་དཔུང་འཇུག་ བྱས། དེ་གའི་སྤྱི་ཁྱབ་ཀོ་ཧི་ཟེར་བས་བོད་ལ་མགོ་བཏགས། དེ་རྗེས་སྤིན་ཅའོ་ནང་ཁུལ་གྲོང་ཁྱེར་ཕན་སི་ཧུན་ཡང་བླངས། དེ་འཕྲལ་རྒྱ་རྒྱལ་ཐའི་ཙུང་གིས་བློན་ཆེན་ཀོ་ཛི་ཀི་དམག་བཅས་མངགས་ཏེ་ལོ་གསུམ་ གྱི་རིང་ལ་གཏུགས་ཀྱང་ཕམ་ནས་ཕྱིར་བྲོས། བོད་དམག་རྣམས་མྱུར་ཤུགས་དང་དྲག་ཤུགས་ངང་ནས། རྒྱའི་རྒྱལ་ས་ཅཱ་རྔན (长安) དུ་དམག་འཇུག་བྱས་སྐབས་རྒྱ་རྒྱལ་གོང་མ་སེམ་ཅུ་ཕྱོགས་སུ་བྲོས། རྒྱའི་བློན་ཆེན་ཀོ་ཛུ་ཀི་འཁོར་བཅས་ལྷོ་ཕྱོགས་སུ་བྲོས། བོད་དམག་རྒྱའི་རྒྱལ་སར་ཕེབས་ནས་ཆིང་ཧུང་གོ་ཝང་ཟེར་བ། ཁྲི་སྲོང་གི་ཡུམ་གྱིམ་ཤིང་ཀོང་ཇོའི་མིང་བོ་དེ་རྒྱ་ནག་གི་རྒྱལ་བོར་བསྐོས། དགའ་སྟོན་སོགས་བྱས། རྒྱ་ནག་གིས་ལོ་ལྟར་བོད་ལ་དཔྱ་ཁྲལ་འབུལ་རྒྱུའི་ཆོད་ཡིག་བཞག  དེ་ནས་ཉིན་བཅོ་ལྔའི་རྗེས་སུ་བོད་དམག་རྣམས་རྒྱ་ནག་གི་རྒྱལ་ས་ནས་ཕྱིར་འཐེན་ བྱས། ཞེས་གསུངས་སོ། །ལོ་རྒྱུས་འདི་ནི་རྩེ་ཞོལ་ཏེ་ཕོ་བྲང་པོ་ཏ་ལའི་མདུན་གྱི་རྡོ་རིང་གི་ལྷོ་ངོས་ ལ་བརྐོས་པ་ད་དུང་ཡང་མཇལ་དུ་ཡོད་དོ། །
      དེ་བཞིན་དུ་རྒྱའི་ལོ་རྒྱུས་ལས་བྱུང་བའི་བོད་ཀྱི་རྒྱལ་རབས་སྐོར་ལས་བཙན་པོ་ ཁྲི་སྲོང་ལྡེའུ་བཙན་གྱི་སྐོར་ཞེས་པར་ཡང་། དེར་བོད་དང་གྲུ་གུ་དང་ཏང་སང་གི་དམག་འབུམ་ཕྲག་གཉིས་བེ་ཆུ་བརྒལ་ནས་ཤར་ཕྱོགས་ སུ་གོང་མའི་རྒྱལ་ས་ལ་སླེབས། གོང་མས་དམག་སླེབས་པ་མ་མཁྱེན། དམག་དཔོན་ལི་ཞི་ཅན་གྱིས་གྲོང་ཁྱེར་ཅི་ཇིའི་ནུབ་ཏུ་གཡུལ་སྤྲད་པར་ཐོག་མར་ཁོ་ རང་རྒྱལ། སླར་རི་བོ་འཇུན་ནན་གྱི་རྩ་བར་དམག་འཐབ་པས་བོད་དམག་རྣམས་ཀྱིས་ཁོ་ཕམ་པར་བྱས་ ཤིང་བྲོས་པས་གོང་མ་རིང་སྟབས་སུ་རྒྱལ་ས་བསྐྱུར་ནས་ཤན་ཇོ(商州)ལ་བྲོས། དེར་དཔོན་ཀོའུ་ཧུན་གྱིས་ བོད་དམག་གི་ལམ་ཁྲིད་ནས་ཅང་ངན(长安)ལ་སླེབས། རྒྱའི་མི་ཆེན་གྱི་རིགས་ལི་ཆིན་ཧུན་བྱ་བ་གོང་མའི་ཚབ་ཏུ་བསྐོས། བོད་དམག་གིས་རྒྱལ་ས་འཕྲོག་བཅོམ་བྱས་ཏེ་རྩ་མེད་བྱས། གོང་མའི་བཀའ་བློན་རྣམས་ལྷོ་ཕྱོགས་སུ་བྲོས། ཞེས་གསལ་ཞིབ་ཏུ་བཀོད་ཡོད་པ་ལྟར་རོ། །དེའི་ཕྱིར་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། གཏུམ་དྲག་དཔའ་བོའི་སྙིང་རྩ་རལ་བྱེད་པའི ། །གདུང་དམར་དམག་གི་ཀི་སྒྲ་གསན་པ་ན། །གནམ་གྱིས་བསྐོས་པའི་ས་ཡི་ཚངས་པའང་། །གཡོ་མེད་གསེར་གྱི་ཁྲི་ལས་བཤོལ་ཏེ་བྲོས། །ཞེས་དོན་ལ་གནས་པའི་བསྔགས་བརྗོད་དེ་མཛད་པའོ། །
  ༣༣ རྩེ་ཞོལ་གྱི་རྡོ་རིང______ལྷ་སའི་རྩེ་པོ་ཏ་ལའི་ཞོལ་གྱི་རྡོ་རིང་སྟེ་རྒྱལ་ བོ་ཁྲི་སྲོང་ལྡེ་བཙན་གྱིས་བཙུགས། འདིའི་ལྷོ་ངོས་སུ་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་བློན་ངན་ཀླུ་ཁོང་གིས་ བཀྲོངས་ཚུལ་དང་། ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་བོད་དམག་རྒྱ་ནག་གི་རྒྱལ་སར་སླེབས་ཏེ་གོང་མ་ཁྲི་ ལས་ཕབ་ཅིང་གྱིམ་ཤིང་ཀོང་ཇོའི་མིང་བོ་ཞིག་རྒྱལ་སར་བསྐོས། བཀྲ་ཤིས་ཞེས་པའི་གོ་མིང་བཏགས། རྒྱ་ནག་ཡོངས་ལ་གོང་མ་བཀྲ་ཤིས་ཀྱི་ཁྲི་ལོ་ཁྱབ་བསྒྲགས་བྱས། རྒྱ་ནག་གིས་བོད་ལ་ལོ་ལྟར་དཔྱ་ཁྲལ་འབུལ་བའི་ཆོད་དོན་ཡི་གེ་བླངས་ཚུལ་སོགས་ བཀོད་ཡོད་ལ། ཤར་ངོས་སུ་བློན་སྟག་སྒྲ་ཀླུ་ཁོང་ལ་ནང་བློན་ཆེན་པོ་དང་ཡོ་གལ་འཆོས་པ་ཆེན་ པོའི་གོ་གནས་གནང་ཚུལ་མདོར་བསྡུས། བྱང་ངོས་སུ་བློན་སྟག་སྒྲ་ཀླུ་ཁོང་མི་རྒྱུད་བཅས་ལ་ཇི་སྲིད་བར་དམིགས་བསལ་བདག་ རྐྱེན་ཆེནཔོ་གནང་བའི་ལོ་རྒྱུས་རིང་བོ་ཞིག་བརྐོས་ཡོད་དེ། ད་ལྟ་རྡོ་རིང་ངོ་བཤུས་ཀྱི་ཡི་གེ་དཔར་དུའང་བཀོད་འདུག་གོ། །
  ༣༤ རང་རེའི་ཡུལ་འདི་ལ་ཆེས་སྔ་མོ་ཞིག་ནས་རང་སྐད་དུ་བོད་ཀྱི་ཡུལ་ཞེས་བྱ་བར་ གྲགས______སྤྱིར་རྒྱལ་ཁབ་དང་མི་རིགས་གང་ཡིན་ཡང་དེ་ལ་རང་ཉིད་ཀྱིས་བཏགས་པའི་ མིང་དང་གཞན་གྱིས་བཏགས་པའི་མིང་། གཞན་གྱིས་སྒྲ་ཇི་བཞིན་མ་ཐོན་པར་ཟུར་ཆག་པའི་མིང་སོགས་སྣ་ཚོགས་ཤིག་འདུག་པ་ལས། བོད་ཅེས་པའི་མིང་འདི་ཇི་ལྟར་ཐོགས་ཤེ་ན། མིང་འདི་ནི་བོད་མི་རིགས་རང་ཉིད་ཀྱིས་བཏགས་པ་ཞིག་ཡིན་པ་ལ་ཕྱོགས་གང་ནས་བསམ་ ཀྱང་བདེན་དཔང་བཙན་པོ་ཡོད་པས་མང་དུ་སྨྲ་མི་དགོས་མོད། ཇི་ལྟར་བཏགས་པའི་ཚུལ་ལ་སྔོན་བྱོན་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོར་བཞེད་ཚུལ་སྣ་ ཚོགས་ཤིག་འདུག་སྟེ།
  ༡ ཐོག་མར་བོན་ཡུལ་ཞེས་འབོད་པ་ལ་ཕྱིས་སུ་བོད་ཡུལ་དུ་སྒྲ་འགྱུར་བ་སྟེ་སྔོན་རྒྱ་ མི་རྣམས་ཀྱིས་ཀྱང་བོད་ལ་ཕོན་ཞེས་བརྗོད་པ་ནི་བོན་གྱི་སྒྲ་མ་དག་པར་འདོད་པ་ དང་།
  ༢ སློབ་དཔོན་བདེ་བྱེད་བདག་པོའི་ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་པཎྡི་ཏ་ཤེས་རབ་ གོ་ཆས་མཛད་པ་རུ་གསལ་བ་བཞིན། རྒྱ་གར་གྱི་རྩོད་དུས་ཐོག་མར་སྐྱ་སེང་བུ་ལྔ་འཐབ་པའི་ཚེ། རྒྱལ་བོ་རུ་པ་ཏི་གཡུལ་ལས་ཕམ་ཏེ་དཔུང་ཚོགས་མང་བོ་དང་ཆབས་ཅིག་ཡུལ་འདིར་བྲོས་ ཡོང་བས་ན་བྲོས་ཀྱི་སྒྲ་ཟུར་ཆག་ནས་བོད་ཅེས་འབོད་པར་འདོད་ པ།
  ༣  བོད་ཀྱི་རྒྱལ་བོའི་ཐོག་མ་གཉའ་ཁྲི་བཙན་པོ་འོད་ཟེར་༼གསལ༽ལྷ་ལས་མཆེད་པས་མཚན་ དངོས་ལ་འོད་ལྡེ་སྤུ་རྒྱལ་ཟེར་བས་དེའི་མཚན་ཟུར་ཡུལ་ལ་ཆགས་ཏེ་འོད་ཅེས་བརྗོད་ པ་ཕྱིས་སྒྲ་འགྱུར་ནས་བོད་ཅེས་འབོད་པར་འདོད་པ། ༼ད་ལྟའང་མདོ་སྨད་རོང་ཕྱོགས་ཀྱི་ཡུལ་གྲུ་མང་བོ་ཞིག་གིས་བོད་མི་ལ་འོད་མི་དང་ བོད་ཡུལ་ལ་འོད་ཡུལ་ཞེས་འབོད་པར་སྣང་། ༽  
  ༤ བོད་མི་རྣམས་སྐད་གདངས་མཐོན་པོས་འབོད་པ་ལ་དགའ་བས་འབོད་པའམ་བོད་པ་ཞེས་བརྗོད་པར་འདོད་པ།
  ༥ ལྷ་སའི་ཁ་སྐད་དུ་རོང་མ་འབྲོག་ལ་བོད་མ་འབྲོག་ཅེས་ཟེར་བས་བོད་ལ་ཞིང་ངམ་རོང་གི་གོ་དོན་ཡོད་པས་བོད་ཅེས་བརྗོད་པར་འདོད་པ།
  ༦ རྒྱ་གར་གྱིས་བྷོ་ཊ་ཞེས་འབོད་པའི་སྒྲ་ཟུར་ཉམས་ཏེ་བོད་ཅེས་བརྗོད་པར་འདོད་པ།
  ༧  སོག་པོས་ཐུ་བྷད་དུ་འབོད་པའི་སྒྲ་ཟུར་ཉམས་ཏེ་བོད་ཅེས་ཐོགས་པར་འདོད་པ།
  ༨ རྒྱ་ནག་གིས་ཏཱ་པའོ(大蕃)ཞེས་འབོད་པའི་སྒྲ་ཟུར་ཉམས་ཏེ་བོད་ཅེས་ཐོགས་པར་འདོད་པ།
  ༩ ཁ་ཆེ་བས་ཏུའུ་ཕན་དུ་འབོད་པའི་སྒྲ་ཟུར་ཉམས་ཏེ་བོད་ཅེས་ཐོགས་པར་འདོད་པ་སོགས་ རང་རང་གི་ལུགས་ལ་འདྲ་འདྲ་འགྲིག་འགྲིག་གི་སྒྲུབ་བྱེད་རེ་བཀོད་དེ་བརྗོད་མོད། བྷོ་ཊ་དང་ཐུ་བྷད། ཏཱ་པའོ་དང་ཏུའུ་ཕན་བཅས་ནི་དེ་དག་གིས་བོད་ཅེས་པའི་སྒྲ་དག་པོར་མ་འཁྱོངས་ཚུལ་ དེབ་དཀར་སོགས་སུ་གསུངས་པ་ལྟར་ཡིན་ལ། གཞན་རྣམས་ཀྱང་ལྷ་མོ་ཨུ་མའི་གཙུག་ནས་བྱུང་ཞིང་ཕྱག་ན་རྡོ་རྗེའི་ལག་ཏུ་གཏད་པས་ ན་གཙུག་ལག་ཅེས་དང་། དོན་དམ་པ་ཡི་དང་ཀུན་རྫོབ་པ་གེ་ཞེས་བཙན་གྱིས་ གོ་དོན་ཅན་དུ་བྱས་པ་དག་དང་ཆ་འདྲ་བར་དཔྱོད་ལྡན་མགུ་བའི་གཏམ་དུ་འཛིན་དཀའ་བས། འདིར་རང་ལུགས་ལ་ནི་བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ལས། མིང་ལའང་འདོད་རྒྱལ་གྱི་མིང་བོད་ཅེས་པ་ཆེས་སྔ་མོ་ཞིག་ནས་འབོད་པ་ཡིན། ཞེས་གསུངས་པ་འདི་ཁོ་ན་འཐད་ལྡན་དུ་འཛིན་པར་འདོད་དེ། བོད་ཀྱི་གདོད་མའི་དུས་ཀྱི་མིང་ཕལ་ཆེར་ནི་འདོད་རྒྱལ་རང་དུ་འདུག་ཅིང་། དེབ་དཀར་དུའང་། རྣམ་པ་གཅིག་ཏུ་ན་དོན་ཅི་ཡང་བཤད་དུ་མེད་པའི་འདོད་རྒྱལ་ཙམ་ཡིན་ཡང་སྲིད། ཅེས་གསུངས་པའི་ཕྱིར་རོ། །
 འོ་ན་བོད་ཅེས་པའི་མིང་འདི་དུས་ནམ་ཞིག་ལ་ཚུལ་ཇི་ལྟར་ཐོགས་པ་ཡིན་ཞེ་ན།  ཏུན་ཧུང་གཏེར་ཡིག་ཏུ་གཉའ་ཁྲི་བཙན་པོའི་སྐོར་བརྗོད་སྐབས། བོད་ཀ་གཡག་དྲུག་གི་རྗེར་གཤེགས་སོ། །ཞེས་དང་། རྒྱལ་བོ་བཀའི་ཐང་ཡིག་ཏུ། དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ༔ ཡུལ་མིང་བོད་ཁ་གཡུའ་དྲུག་བྱ་བར་བཏགས༔ཞེས་དང་། ཁུ་སྟོན་གྱི་ལོ་རྒྱུས་ཆེན་མོ་ལས། བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ནི་བོད་ཁ་ཉ་དྲུག་ཟེར། །ཞེས་སོགས་མང་དུ་འབྱུང་བ་ལྟར་བོད་ཅེས་པ་འདི་ཐོག་མར་རྒྱལ་ཕྲན་ནམ་ཚོ་ཤོག་ཅིག་ གི་མིང་ཡིན་པ་ལ། གཉའ་ཁྲི་བཙན་པོ་དེའི་ཁྲིར་བཞུགས་ཤིང་རིམ་གྱིས་མངའ་ཐང་རྒྱ་བསྐྱེད་པས་ཆབ་འོག་ ཏུ་འདུས་པའི་ཡུལ་དང་ཡུལ་ཅན་གཉིས་ཀར་བོད་ཡུལ་དང་བོད་པ་ཞེས་པའི་མིང་དེ་རྒྱ་ ཁྱབ་ཏུ་ཐོགས་པར་མངོན་ནོ། །
      དེབ་ཐེར་དམར་བོ་གསར་མ་ལས། ལུང་རྣམ་འབྱེད་དང་། དཔལ་དུས་ཀྱི་འཁོར་ལོ་སོགས་སུ་བོད་ཅེས་མང་དུ་བྱུང་བས། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པའི་དུས་ལས་ཡུལ་དང་མི་གཉིས་ ཀ་ཆེས་སྔ་བར་ཆགས་པ་ཞིག་སྣང་། ཞེས་གསུངས་པ་ལྟར་བོད་ཅེས་པའི་མིང་འདི་བྱུང་ནས་ལོ་སྟོང་ཕྲག་མང་བོ་འདས་ཟིན་པ་ ནི་བཤད་མ་དགོས་པ་ཞིག་སྟེ་གཉའ་ཁྲི་བཙན་པོའི་སྐབས་ཙམ་དེར་ཐོལ་གྱིས་བྱུང་བ་ ཞིག་ཡིན་མི་སྲིད་དོ། །
      ཡང་དེང་སྐབས་མང་བོ་ཞིག་གིས་རང་རེ་ལ་ཐྲི་བྷའེ་ཐྲི (tibet) ཞེས་འབོད་པ་ནི་སྔོན་སོག་པོས་བོད་ཅེས་པའི་སྒྲ་ཇི་བཞིན་མ་ཐོན་པར་ཐུ་བྷད་དུ་ འབོད་པའམ། རྒྱ་ནག་ཐང་རྒྱལ་རབས་སྐབས་རང་རེ་ལ་བོད་ཆེན་པོ(大蕃)ཞེས་པར་ཡུལ་སྐད་ཀྱིས་ཐུ་ བྷོད(吐蕃)ཅེས་པའི་སྒྲ་མ་དག་པའི་འབོད་སྟངས་ལས་བྱུང་བ་ཡིན་ནོ་ཞེས་དེང་རབས་ དཔྱོད་ལྡན་སྐད་གཉིས་སྨྲ་བ་མང་བོས་གླེང་ཞིང་། དེབ་དཀར་དུ། དེ་ལ་འགའ་ཞིག་ན་རེ། བརྡ་དེ(tibet)ཐོག་མར་ཁ་ཆེའི་ཡུལ་དུ་གྲགས་ཤིང་། དེ་ཡང་ཁོང་རྣམས་བླ་དྭགས་ཕྱོགས་དང་འབྲེལ་ཆེ་བས། ཡུལ་དེ་བ་རྣམས་ལ་ནི་སྟོད་བོད་དམ་སྟོད་པ་ཞེས་འབོད་པ་ལས་བརྡ་དེ་ཉིདཟུར་ཆག་གོ་ ཞེས་ཟེར། ཞེས་གསུངས་འདུག་པ་སོགས་ཕན་ཚུན་གོ་བསྡུར་ན་དེ་དག་སུ་ཞིག་གིས་ཐོག་མར་བརྡ་དེ་ བཀོལ་བ་ཁ་ཚོན་གཅོད་དཀའ་ཡང་བོད་ཅེས་པའི་སྒྲ་ཕར་ལ་ཟུར་ཆག་པ་ཞིག་ཡིན་པ་ནི་ཤིན་ ཏུ་གསལ། བྷོ་ཊ་ཞེས་པའི་མིང་འདི་ཇི་ལྟར་བྱུང་ཚུལ་དེབ་དཀར་དུ་གསུངས་པ་ལྟར་ལགས་སོ། །
      གཞན་རང་རེའི་མིང་ལ་སྐབས་འགར་པུར་རྒྱལ་བོད་དམ་སྤུར་རྒྱལ་བོད་ཅེས་འབོད་ཅིང་ འབྲི་བ་ནི། སྔོན་གྲི་གུམ་བཙན་པོའི་སྲས་བྱ་ཁྲི་བཙན་པོ་ཀོང་པོའི་ཡུལ་ནས་གདན་དྲངས་ཚེ་མ་ ཡུམ་གྱིས་དགའ་བོད་ཆེན་པོ་བྱས་པས་ནམ་མཁའ་ལས་ཁྱེད་ཀྱི་བུ་དེ་ཀུན་ལས་རྒྱལ་བར་ འགྱུར་རོ་ཞེས་པའི་སྒྲ་བྱུང་བར། མི་རྣམས་ཀྱིས་སྒྲ་དེ་ཇི་བཞིན་མ་འཁྱོངས་པར་པུ་དེ་གུང་རྒྱལ་ཞེས་བོས་ལ། རིམ་གྱིས་རྒྱལ་བོའི་མཚན་ཡུལ་དང་མི་རིགས་ལ་ཆགས་ནས་པུར་རྒྱལ་བོད་ཀྱི་མིང་ བྱུང་བ་ཡིན་ནོ། །
      གངས་ལྗོངས། བསིལ་ལྡན་ལྗོངས། ཆོས་ལྡན་རྒྱལ་ཁམས། འཛམ་གླིང་གི་རྒྱ་ཕིབས། འཛམ་གླིང་ཆུ་བོའི་མཆོད་རྟེན་སོགས་སུ་འབོད་པ་ནི་ཁྱད་ཆོས་ཀྱི་སྒོ་ནས་མིང་ བཏགས་པ་དང་། ཁ་བ་ཅན་དང་གངས་ཅན་ནི་ཁྱད་ཆོས་ཀྱི་སྟེང་ལ་བདག་སྒྲ་བསྣན་པས་གང་ཟག་ལ་གོ་བ་ཤེས་ སླ། དེང་སང་རྒྱ་སྐད་དུ་ཙང་ཙོའུ(藏族)དང་ཞིས་ཙང(西藏)དུ་འབོད་པ་ནི་བོད་ཡུལ་བྱེ་བྲག་ པ་དབུས་གཙང་གི་མིང་ལས་བཏགས་པ་ཞིག་སྟེ་བོད་རང་ལ་དེ་ལྟར་འབོད་སྲོལ་ཡེ་ནས་མེད་ དོ། ། 
  ༣༥  བསྟན་བཅོས______བསྟན་བཅོས་ཀྱི་སྐད་དོད་ལ་ཤཱསྟྲི་ཞེས་བྱ་སྟེ། འཆོས་པའི་སྐད་དོད་ཤཱ་ས་ན་དང་། སྐྱོབ་པའི་སྐད་དོད་ཏྲ་ཡ་གཉིས་མཚམས་སྦྱར་བའོ༎དེ་ཡང་རྒྱུ་ཉོན་མོངས་དུག་གསུམ་ ལས་བསླབ་པ་གསུམ་ལྡན་དུ་འཆོས་ཤིང་། འབྲས་བུ་ངན་སོང་དང་སྲིད་པའི་འཇིགས་པ་ལས་སྐྱོབ་པའི་འཆོས་སྐྱོབ་ཀྱི་ཡོན་ཏན་ གཉིས་ལྡན་ཞིག་ལ་བསྟན་བཅོས་ཞེས་བྱ་ཕྱིར། རྣམ་བཤད་རིགས་པར། ཉོན་མོངས་སྐྱོན་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་སོ། །
  ༣༦ པར་སིག______འདི་ནི་གནའ་དུས་རྒྱ་གར་ནུབ་ཕྱོགས་སུ་ཡོད་པའི་རྒྱལ་ཕྲན་ཞིག་གི་ མིང་སྟེ། རང་རེའི་བོད་ཀྱི་ལོ་རྒྱུས་དག་ཏུ་སྟག་གཟིག་དང་ཏ་ཟིག་ཏཱ་སིག་ཅེས་བྲིས་ཡོདཔ་ དེ་ཡིན། མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གིས། དབྱི་ལང་ལ་སྔོན་ཆད་པར་སིག་ཟེར་ཏེ་བཀའ་འགྱུར་གྱི་འདུལ་བ་ལུང་སྡེ་བཞི་ན་དེའི་ མིང་ཡོད་པ་རེད། ཅེས་གསུངས། འདི་ལ་དེང་སང་རྒྱ་ནག་གིས་ཡས་ལང་ ༼ཏྑཙྩཾ༽ཞེས་འབོད་ཚུལ་སོགས་གོང་དུ་ཏ་ཟིག་ཅེས་པའི་འགྲེལ་བཤད་སྐབས་བཤད་ཟིན་པ་ ལྟར་རོ། །
  ༣༧ ཁ་ཆེའི་ཡུལ______འདི་ནི་བོད་ཀྱི་སྟོད་མངའ་རིས་དང་འབྲེལ་ཞིང་རྒྱ་གར་ནུབ་ ཕྱོགས་སུ་ཡོད་དེ། རྒྱ་གར་ཆོས་འབྱུང་སོགས་སུ་ཡུལ་འདི་ཐོག་མར་མཚོས་གང་བ་ལ། ཀུན་དགའ་བོའི་སློབ་མ་དགྲ་བཅོམ་པ་ཉི་མ་གུང་བ་ཡུལ་དེར་བྱོན་ནས་༼ཕལ་ཆེར་སྤྱི་ ལོའི་སྔོན་གྱི་ལོ་505-497ཙམ་ཡིན། ༽ཀླུ་རྒྱལ་བཏུལ་ཅིང་མཚོ་བསྐམས། རིམ་གྱིས་ཡུལ་གཞན་དག་ནས་མི་མང་བོ་འཛོམས་ཏེ་གྲོང་དང་གྲོང་ཁྱེར། གཙུག་ལག་ཁང་བཅུ་གཉིས། དགེ་འདུན་གྱི་སྡེ་སོགས་ཆགས་པར་གསུངས་ལ། མུ་སྟེགས་རིག་བྱེད་སྨྲ་བ་ཚོར་བཤད་སྲོལ་གཞན་ཡང་ཡོད། འོན་ཀྱང་མཚོ་བསྐམས་པའི་ཤུལ་དེར་ཡུལ་གྲོང་ཆགས་པའི་བཤད་ཚུལ་ལ་མི་མཐུན་པ་མེད། སྤྱི་ལོའི་དུས་རབས་དང་བོའི་དཀྱིལ་དུ་རྒྱལ་བོ་ཀ་ཎི་སྐའི་ཚེ་ཐེག་པ་ཆེ་ཆུང་ གཉིས་ཀ་དར་རྒྱས་ཆེ་ཞིང་བཀའ་བསྡུ་གསུམ་པའི་སྦྱིན་བདག་ཀྱང་རྒྱལ་བོ་དེས་བྱས་ ཚུལ་སོགས་ཀྱི་ལོ་རྒྱུས་ཡོད། ཐང་སན་ཙང་རྒྱ་གར་དུ་ཕེབས་ཚེ་ཡུལ་འདིར་ཐེག་པ་ཆུང་ངུའི་དགེ་འདུན་པ་ལྔ་སྟོང་ ཙམ་བཞུགས་པར་གསུངས། ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་དང་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་སོགས་ཡུལ་འདི་ནས་བོད་ལ་ གདན་དྲངས་པའི་མཁས་པའང་ཧ་ཅང་མང་། སྤྱི་ལོ་༡༦༦༦ཡས་མས་ནས་རྒྱལ་བོ་ཨོ་རན་ཛེབ་ཟེར་བའི་དབང་ཤུགས་ལ་བརྟེན་ནས་ཡུལ་ འདིར་དབྱི་སི་ལན་གྱི་ཆོས་ལུགས་རྒྱ་ཁྱབ་ཏུ་དར་བ་ཞིག་ཡིན་འདུག་གོ། །
      ཆེས་གནའ་བོའི་དུས་ནས་ཁ་ཆེ་བ་དང་བོད་གཉིས་འབྲེལ་འདྲེས་མང་བོ་བྱས་ཤིང་གྲི་ གུམ་བཙན་པོའི་སྐབས་ཕན་ཚུན་བར་དམག་འཁྲུག་ཆེན་པོ་བརྒྱབ། རང་རེའི་སྙན་གཞུང་ལེའུ་གསུམ་པར་ཀསྨི་རའི་ལུགས་ཀྱི་ཀུན་འཁོར་ཞེས་པའང་ཡིན་པ་ ནི་ཁ་ཆེའི་ལུགས་ཡིན་འདུག་སྟེ། དྲང་སྲོང་ཀ་ཤ་ཡ་ཞེས་པའི་མཚན་ལས་ཡུལ་མིང་ལ་ཀ་ཤ་སྨིར་ཞེས་ཐོགས་པ་ལ་བོད་ཀྱིས་ ཀསྨི་ར་དང་། རྒྱ་ནག་གིས(克什米尔)ཞེས་འབོད་དོ། །དེང་སྐབས་མི་གྲངས་ཁྲི་ཕྲག་ལྔ་བརྒྱ་བདུན་ཅུ་ཙམ་ཡོད་ལ། བརྒྱ་ཆའི་བདུན་ཅུ་ཙམ་གྱིས་དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད་ཅིང་། ནང་ཆོས་དང་ཧུན་དྷི་ཆོས་ལུགས་ལ་དད་པ་བྱེད་མཁན་ཡང་ཡོད་པར་བཤད།
  ༣༨ བླ་དྭགས______བླ་དྭགས་སམ་ལ་དྭགས་ནི་སྐབས་འདིར་རྒྱལ་བོ་གླང་དར་མའི་བུ་འོད་ སྲུང་གི་རྒྱུད་པ་ལས་བྱུང་བའི་མངའ་བདག་གནམ་ལྡེ་འོད་སྲུང་གི་སྲས་དཔལ་འཁོར་ བཙན་དང་བཙུན་མོ་ཅོག་རོ་བཟའི་སྲས་ཆེ་བ་དཔལ་ལྡེ་རིག་པ་མགོན་གྱིས་མང་ཡུལ་ལམ་ མར་ཡུལ་བཟུང་ཞིང་ཕྱིས་སུ་ལ་དྭགས་རྒྱལ་རབས་བཙུགས་པའི་མངའ་སྡེ་དག་ལ་གོ་དགོས་ ཏེ། སྔོན་སྟོད་མངའ་རིས་སྐོར་གསུམ་༼ཟངས་དཀར་མཚོ་ཡིས་བསྐོར་བ། སྤུ་རངས་གངས་ཀྱིས་བསྐོར་བ། གུ་གེ་གཡའ་ཡིས་བསྐོར་བ། ༽གྱི་ཁོངས་སུ་གཏོགས་མོད་ད་ལྟའི་ལ་དྭགས་ནི་རྒྱ་གར་གྱི་ཁོངས་སུ་ཡོད། ཁོང་ཚོ་བོད་རིགས་ཤ་སྟག་ཡིན། སྐད་ཡིག་དང་གོམས་གཤིས་སོགས་ཕལ་ཆེར་ད་ལྟའང་མ་འགྱུར་བར་ཡོད་འདུག་གོ། ། ཞིབ་རྒྱས་ལ་དྭགས་རྒྱལ་རབས་ལས་ཤེས་པར་བྱའོ། །
  ༣༩ རྗེ་གཉའ་ཁྲི______བོད་རྒྱལ་རབས་ཞེ་གཉིས་ཀྱི་ཐོག་མ་འོད་ལྡེ་སྤུ་རྒྱལ་ལམ་གཉའ་ ཁྲི་བཙན་པོ་ནི་ཐོག་མར་བོད་ཀ་གཡག་དྲུག་ཅེས་པའི་རྒྱལ་ཕྲན་ནམ་རུ་སྡེ་ཞིག་གི་ དཔོན་པོར་བཞུགས་ཏེ་རིམ་གྱིས་རྒྱལ་ཕྲན་སིལ་མ་བཅུ་གཉིས་པོ་དབང་དུ་བསྡུས་ནས་ སྤྱི་ལོ་སྔོན་གྱི་ལོ ༡༢༧ ལོར་བོད་སྤྱིའི་རྒྱལ་བོར་བཞུགས་ཤིང་། མཁར་གྱི་ཐོག་མ་བུ་བླ་སྒང་བཞེངས། དཔལ་འབྱོར་གོང་འཕེལ་དུ་བཏང་། བོད་རྣམས་དམག་འཁྲུག་དང་མུ་གེའི་སྡུག་བསྔལ་ལས་བསྐྱབས་པ་སོགས་རྒྱལ་བོ་ཕྱག་ རྗེས་ཅན་ཞིག་གོ། །
      བོན་གཞུང་མང་བོར་ཁོང་ནི་ལྷ་ལས་མི་རྗེར་བྱོན་པ་ཞིག་དང་། རྫོགས་ལྡན་གཞོན་ནུའི་དགའ་སྟོན་དང་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སོགས་སུ་ རྒྱ་གར་མ་གྷ་ཏའི་རྒྱལ་བོ་དམག་བརྒྱ་བའི་སྲས་ཤིག  བུ་སྟོན་རིན་པོ་ཆེ་སོགས་ཀྱིས་ཀོ་ས་ལའི་རྒྱལ་བོ་གསལ་གྱི་རིགས་རྒྱུད་ཅིག  རྒྱ་ནག་གི་ཡིག་ཚང་འགའ་རེར་རྒྱ་ཡུལ་ནས་ནུབ་ཕྱོགས་སུ་ཡུལ་གྱར་བའི་འཕན་མྱི་ ཞིག་ཟེར་བ་ཞིག  ལྡེའུའི་ཆོས་འབྱུང་དུ། ཡུལ་སྤོ་བོའི་སྤུའི་མི་མོ་མོ་བཙུན་བྱ་བར་བུ་དགུ་སྐྱེས་པའི་ཐ་ཆུང་ཡིན་པར་ བཤད་པ་སོགས་འདོད་ཚུལ་སྣ་ཚོགས་ཤིག་ཡོད་ཀྱང་།  བོད་ཀྱི་རྒྱལ་བོ་དེ་ངེས་པར་རྒྱལ་ཁབ་དང་མི་རིགས་གཞན་ཞིག་གི་ཡིན་དགོས་དོན་ མེད་ལ། ཆ་མེད་རྒྱུས་མེད་ཀྱི་མི་ཞིག་མ་བརྟགས་མ་དཔྱད་པར་གནམ་ལ་མཛུབ་མོ་ཀེར་བ་ཙམ་ གྱིས་ཡ་མཚན་དེ་བོད་ཀྱི་རྒྱལ་བོར་ཡང་འཇོག་མི་སྲིད་པས། ཕྱོགས་གང་ནས་བསམ་ཀྱང་བོད་མི་མཁྱེན་རྒྱ་ཟབ་ཅིང་ནུས་པ་ཆེ་བ་ཞིག་ཡིན་པ་དཔག་ ཐུབ་པོ། །
  ༤༠ ཅིན་གྱི་རྒྱལ་རྒྱུད______བོད་ཀྱི་ལོ་རྒྱུས་ཁག་ཏུ་ཅིན་དང་ཆིན་ཞེས་མང་དུ་ འབྱུང་བ་ནི་རྒྱ་ནག་གི(泰)ཞེས་པའི་སྒྲ་ཟུར་ཅུང་ཉམས་པར་བྲིས་པ་ཞིག་སྟེ། ༼གཞན་ཅིན་ཤར་མའི་རྒྱལ་ཁབ་ཅེས་པའང་ཡོད། ༽ཆིན་གྱི་རྒྱལ་རྒྱུད་ཅེས་པ་སྐབས་འདིར་གོང་མ་ཆིན་ཧྲི་ཧོང(泰始皇)སྤྱི་ལོ་སྔོན་ གྱི 259—210 ༽ ཞེས་སྐབས་དེའི་ཞིང་བདག་གྲལ་རིམ་གྱི་ཆབ་སྲིད་ཆེད་མཁས་པ་དང་། ཀྲུང་གོ་གཅིག་གྱུར་བྱེད་མཁན་དེས་སྤྱི་ལོ་སྔོན་གྱི་ལོ་༢༤༦ལོར་༼ལོ་རྒྱུས་ལ་ ལར་སྤྱི་ལོའི་སྔོན་གྱི་ལོ ༢༢༡ ཞེས་འབྱུང་༽གསར་དུ་བཙུགས་པ་ནས་བྱུང་བའི་རྒྱལ་བོ་ན་རིམ་ལ་གོ་ཡང་ཆོག
      ཆིན་ཧྲི་ཧོང་གིས་རྒྱ་ནག་ལྕགས་རི་གསར་བསྐྲུན་བྱས་པ་དང་། རྒྱལ་ཡོངས་ཀྱི་དངུལ་ལོ་ཚད་གཞི་གཅིག་གྱུར། ཡིག་གཟུགས་གཅིག་གྱུར། འཁོར་ལོའི་འཁོར་མདའི་ཚད་གཅིག་གྱུར། ཆུ་བེད་དང་རྒྱ་ལམ་མང་བོ་གསར་བསྐྲུན་བྱས་པ་སོགས་ལག་རྗེས་བཟང་བོ་མང་ལ། བང་སོ་དུ་མ་བྲུས་པ་དང་ཤེས་ཡོན་ཅན་བགྲངས་ལས་འདས་པ་དམར་གསོད། རིག་གཞུང་གི་དཔེ་ཆ་ཕལ་ཆེར་མེར་བསྲེགས་བཏང་བ་སོགས་ལག་རྗེས་ངན་པའང་ཤིན་ཏུ་མང་ བས་སྐྱོན་ཡོན་ཟུང་ལྡན་གྱི་རྒྱལ་བོ་སྐད་གྲགས་ཅན་ཞིག་ཡིན་འདུག་གོ། །ཡང་སྐབས་འགར་བོད་ཀྱི་ལོ་རྒྱུས་ལ་ལར་ཅིན་གོང་མ་ཞེས་འབྱུང་བ་ནི་སྤྱི་ལོ ༡༡༡༥ བ་ནས ༡༢༣༤ ལོའི་བར་གྱི་ཅིན(金)རྒྱལ་རབས་ལ་གོ་བའི་སྐབས་ཀྱང་ཡོད་པས་སྐབས་ཐོབ་སྐབས་ཐོབ་ལ་ སྦྱོར་ཚུལ་མ་ནོར་བ་དགོས་སོ། །
  ༤༡ བྷ་ར་ཏ______འདི་བོད་སྐད་དུ་བསྒྱུར་ན་རྒྱས་པ་ཞེས་བྱ་ཞིང་། རྒྱ་གར་གྱི་ལོ་རྒྱུས་ཐོག་དྲང་སྲོང་རྒྱས་པ་ཞེས་པ་ཞིག་བྱོན་ཚུལ་སྙན་གཞུང་མང་ བོར་འབྱུང་མོད། རྒྱལ་བོ་བྷ་ར་ཏའི་ལོ་རྒྱུས་མ་མཐོང་ངོ་། །
  ༤༢ གཡུང་དྲུང་བོན______སྤྱིར་གཡུང་དྲུང་ནི་རྟག་ཏུ་གནས་པ་དང་སྲ་ཞིང་བརྟན་པ། འགྱུར་བ་མེད་པ་བཅས་ཀྱི་དོན་ཡིན་ནོ་ཞེས་བོན་གཞུང་དག་ཏུ་ཡོངས་སུ་གྲགས་པ་ལྟར་ ཡིན་མོད། འགའ་རེས་རྒྱ་ནག་གི་ཡོང་ཁྲང་ཞེས་པའི་སྒྲ་ཟུར་ཆག་པ་ཡིན་སྐད་དང་། ཉི་མའི་འོད་འབར་བའི་དབྱིབས་ལས་གཡུང་དྲུང་གི་རི་མོ་བྱུང་བའམ་ཕོ་མོའི་མཚན་མ་ སྦྱོར་བའི་དབྱིབས་ལས་བྱུང་བར་བཤད་པ་སོགས་གནག་རྫིའི་རྣར་ཡང་མི་འགྲོ་བའི་ རྫུན་གཏམ་མང་དུ་སྨྲ་བར་བྱེད་དོ། །འོན་ཀྱང་ང་ཚོས་བསམ་དགོས་པ་ཞིག་ལ། མཁས་དབང་དགེ་ཆོས་ཀྱི་གསེར་ཐང་ལས། ལྷ་སའི་གཙུག་ལག་ཁང་བཞེངས་ཚེ་སྔགས་པ་རྣམས་དགའ་བའི་ཆེད་དུ་ཀྭ་བ་ཕུར་བུའི་ དབྱིབས་སུ་བྱས་པ་སོགས་བྲིས་མོད། ཆོས་འགྱུར་མ་ཐག་པ་ཞིག་ལ་སྔགས་པ་ཕུར་བུ་ལ་དགའ་མཁན་མང་བོ་ཞིག་ཡོད་མེད་ཀྱང་མི་ ཤེས་ལ། ན་ལེནྡྲ་ལ་སོགས་པའི་རྒྱ་གར་གྱི་གཙུག་ལག་ཁང་རྙིང་མ་ཀུན་ཀྱི་རྨང་གཞི་ཡང་གཡུང་ དྲུང་གི་རིས་ཁོ་ནར་སྣང་། ཞེས་གསུངས་པ་དེ་ཡིན།
      གཞན་རྒྱ་ནག་ལ་ནང་ཆོས་རང་རེ་ལས་ཆེས་སྔ་བར་དར་ཞིང་ཁོ་ཚོར་གཡུང་དྲུང་གི་རི་མོ་ འབྲི་སྲོལ་ཡོད་ལ། དེ་ཡང་ང་ཚོར་བོན་བསྐོར་དུ་གྲགས་པ་དེ་ཁོ་ན་འབྱུང་བས་གཡུང་དྲུང་རི་མོ་སུ་ཞིག་ གིས་ཐོག་མར་གསར་བཏོད་བྱས་ཚུལ་སོགས་ལ་ད་དུང་ཞིབ་རྒྱུ་རེ་ཡོད་པར་སེམས་སོ། །
      གཡུང་དྲུང་བོན་ནི་སྤྱི་ལོ་སྔོན་གྱི་ལོ་དྲུག་བརྒྱ་ཡས་མས་༼བོད་ཀྱི་རྒྱལ་རབས་ བརྒྱད་པ་དང་དགུ་བའི་སྐབས་བྱོན་པར་བཤད་པ་སོགས་འདོད་ཚུལ་སྣ་ཚོགས་ཤིག་འདུག ༽ཤིག་ལ་ཞང་ཞུང་འོལ་མོ་ལུང་རིང་ངམ་སྟག་གཟིག་ཏུ་༼འདིར་བསྟན་གྱི་སྟག་གཟིག་དེ་ པར་སིག་ཡིན་ མིན་སོགས་རྩོད་པ་མང་བོ་འདུག༽སྐུ་འཁྲུངས་པའི་སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་ གིས་སྲོལ་བཏོད་པའི་བོད་ཀྱི་གདོད་མའི་ཆོས་ལུགས་ཤིག་སྟེ། བོན་པོ་རྣམས་ཀྱིས་དེ་ལ་མདོ་ཕྱོགས་ཀྱི་བསྟན་པ་ཕྱི་རྒྱུད་ཟེར་བར་སྣང་། དེའི་ཡར་སྔོན་ནས་བོན་སྐུའི་སྟོན་པ་ཀུན་ཏུ་བཟང་བོས་གྲོལ་ལམ་རྫོགས་པ་ཆེན་ པོའི་བསྟན་པ་སྤེལ་པ་ལ་གསང་རྒྱུད་དང་། ལོངས་སྐུའི་སྟོན་པ་གཤེན་ལྷ་འོད་དཀར་གྱིས་གསང་སྔགས་ཀྱི་བསྟན་པ་སྤེལ་བ་ལ་སྔ་ རྒྱུད་ཅེས་བྱ་སྟེ་ཐུན་མོང་མིན་པའི་དབང་དུ་བྱས་པའོ། །གཤེན་རབ་མི་བོ་ཆེས་སྲོལ་བཏོད་པའི་ཕྱི་རྒྱུད་བོན་གྱི་གཞུང་ལུགས་ཚང་མ་ཐེག་པ་ རིམ་དགུ་དང་བོན་སྒོ་བཞི་རུ་འདུས་པར་བཤད།
      ནམ་མཁའི་ནོར་བུའི་ཞང་བོད་ལོ་རྒྱུས་ཏི་སིའི་འོད་ལས། བོན་ཞེས་པ་འདི་ནི་གཤེན་རབ་མི་བོ་ཆེས་བསྟན་པ་དེ་ཙམ་ཞིག་ལ་ངོས་འཛིན་གྱི་ཡོད་ པ་དེ་ནི་ནོར་འཁྲུལ་ཚབས་ཆེ་བ་ཞིག་ཡིན། གཤེན་རབ་མི་བོ་ཆེས་བསྟན་པའི་བོན་དེ་ལ་གཡུང་དྲུང་གི་བོན་ཞེས་དམིགས་སུ་བཀར་ ནས་བཤད་སྲོལ་ཡོད་པ་དེ་ལའང་དགོས་པ་དང་རྒྱུ་མཚན་ཞིག་ཡོད་པ་ནི་སྨོས་མ་དགོས། གཤེན་རབ་ཀྱི་གོང་དུ་བོན་གྱི་ལུགས་མི་འདྲ་བ་མང་དག་བྱུང་ཡོད་པ་ནི་ལུང་དང་ རིགས་པ་གཉིས་ཀས་གསལ་བོར་བསྟན་ཡོད། ཅེས་འབྱུང་སྟེ་འདི་སྐོར་བདག་གིས་ཆེད་དུ་ཞིབ་འཇུག་བྱེད་མ་མྱོང་བས་དཔྱོད་ལྡན་ དག་གི་བགོ་སྐལ་ལྟ་བུར་མི་འཇོག་ཐབས་མེད་ཡིན། བོད་ཀྱི་ལོ་རྒྱུས་མང་བོར་བརྡོལ་བོན་དང་། འཁྱར་བོན། བསྒྱུར་བོན་བཅས་བོན་ཆོས་ལ་དུས་རིམ་ཆེན་པོ་གསུམ་དུ་ཕྱེས་ཏེ་བཤད་མོད། བོན་པོ་རང་གི་གཞུང་ཁུངས་བཙན་དག་ཏུ་དེ་ལྟར་བཤད་སྲོལ་མེད་པར་སྣང་། ཐོག་མར་སུས་སུ་ལ་ལད་བཟློས་བྱས་པ་བཤད་དཀའ་ཡང་། ད་ལྟ་རང་རེ་བོད་ཀྱིས་བསང་ཕུད་པ་དང་རླུང་རྟ་མཆོད་པ། ལབ་ཙེ་བསྟོད་པ། དགྲ་ལྷ་དཔང་བསྟོད། གཡང་འབོད་དང་གཡང་འགུག  དགྲ་བྲུབ་སོགས་ཕྱིའི་རྣམ་པ་མང་བོ་ཞིག་ཕན་ཚུན་གཅིག་ལ་གཅིག་འདྲེས་སུ་གྱུར་ ཞིང་། བོན་ཆོས་འདི་ནང་ཆོས་བོད་ལ་དར་བའི་སྐྱ་རེངས་ཀྱང་ཡིན་པར་གསུངས། ཁྱད་པར་དུ་བོན་ཆོས་ནི་བོད་རང་ས་ནས་དར་བའི་གདོད་མའི་ཆོས་ལུགས་ལོ་རྒྱུས་རང་ བཞིན་དང་མི་རིགས་རང་བཞིན་སོགས་དཔྱད་གཞིའི་རིན་ཐང་ཕུན་སུམ་ཚོགས་པའི་གཏེར་ མཛོད་ཅིག་ཡིན་པ་ལ་ནི་ཤེས་ལྡན་སུས་ཀྱང་བསྙོན་དུ་མེད་པས་མྱུར་སྐྱོབ་དང་དར་ སྤེལ་བྱེད་དགོས་པ་ནི་མང་དུ་སྨྲ་མི་དགོས་པའི་བདེན་ལུགས་ཤིག་གོ། །
  ༤༣ ཨི་ས་ལེམ་གྱི་ཆོས་ལུགས______འདི་ནི་རང་རེའི་གཞུང་ལུགས་རྣམས་སུ་ཀླ་ཀློའི་ ཆོས་ལུགས་ཞེས་འབོད་པ། ད་ལྟ་ཡོངས་གྲགས་སུ་དབྱི་སི་ལན་ཆོས་ལུགས་སམ་ཁ་ཆེའི་ཆོས་ལུགས་སུ་གྲགས་པ་དེ་ ཡིན་ལ། གསེར་ཐང་ལས། པཱ་ལའི་རྒྱལ་བརྒྱུད་ཀྱི་སྐབས་སུ། རྒྱ་གར་བ་རྣམས་ཀླ་ཀློའམ་ཇག་པར་འབོད་པ་ངན་སྨྲས་ཀྱི་མིང་ཡིན་ཞིང་། རང་བཞིན་གྱི་མིང་ལ་མུ་སལ་མེན་དང་། ཆོས་ལུགས་ལ་ཨ་ས་ལེམ། ཞེས་གསུངས། ཆོས་ལུགས་འདིའི་སྲོལ་འབྱེད་པའི་མིང་ལ་རང་རེའི་གཞུང་རྣམས་སུ་སྦྲང་རྩིའི་བློ་ གྲོས་ཞེས་འབྱུང་སྟེ། མ་ཧཱ་མཏྟེ་སྟེ་བདག་ཉིད་ཆེན་པོ་ཞེས་བྲིས་པའང་ཡོད། ཁོང་ནི་ཁ་ཆེ་རང་གི་ལོ་རྒྱུས་སུ་སྤྱི་ལོ་༥༧༠དང་། རྒྱའི་ཡི་གེར་སྤྱི་ལོ་༥༧༡ལོར་སྐྱེས་པར་བཤད། ཁོའི་ལོ་རྒྱུས་ཞིབ་གསལ་མ་ངེས་ཀྱང་། དུས་འཁོར་བའི་ལུགས་སུ་ཤིང་སྤྲེལ་ཏེ་སྤྱི་ལོ་༦༢༤ལོར་ཁོས་ཁ་ཆེའི་ཆོས་ལུགས་ སྲོལ་གཏོད་པར་གསུངས་ཤིང་ཁ་ཆེ་དང་རྒྱའི་ཡི་གེར་སྤྱི་ལོ་༦༢༢ལོར་དབུ་བརྙེས་ ཚུལ་ཡང་གསལ་ཏོ། །ཆོས་ལུགས་འདི་ཨ་ཧྥེ་རི་ཁ་སོགས་རྒྱལ་ཁབ་མང་བོར་དར་ཏེ་ད་ལྟ་འཛམ་གླིང་གི་ཆོས་ ལུགས་ཆེན་པོ་གསུམ་༼ཡེ་ཤུའི་ཆོས་ལུགས་དང་། ཁ་ཆེའི་ཆོས་ལུགས། ནང་བ་སངས་རྒྱས་པའི་ཆོས་ལུགས། ༽གྱི་ཡ་གྱལ་དུ་སླེབས་ཤིང་། དད་པ་བྱེད་མཁན་གྱི་མི་གྲངས་དུང་ཕྱུར་བརྒྱད་ལས་བརྒལ་ཡོད་སྐད་དོ། །
  ༤༤ ཆོས་རྒྱལ་གྱི་གདུང་རྒྱུད་མགོན་གསུམ______གོང་དུའང་མདོ་ཙམ་བཤད་ཟིན་པ་ལྟར་ བོད་ཀྱི་རྒྱལ་རབས་ཞེ་གསུམ་པ་འུ་དུམ་བཙན་པོའམ་གླང་དར་མ་ལ་སྲས་འོད་སྲུང་དང་ ཡུམ་བརྟན་གཉིས་ཡོད་པ་ལས་སྔ་མའི་གདུང་རྒྱུད་ཀྱིས་གཙོ་བོ་སྟོད་མངའ་རིས་ཀྱི་ ཕྱོགས་སུ་དབང་བསྒྱུར་ཞིང་ཕྱི་མའི་གདུང་རྒྱུད་ཀྱིས་གཙོ་བོ་དབུས་ཕྱོགས་སུ་ དབང་བསྒྱུར། འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན་ཡིན་ལ་དེའི་བུ་སྐྱིད་ལྡེ་ཉི་མ་མགོན་ གྱིས་མངའ་རིས་དང་བཀྲ་ཤིས་བརྩེགས་པ་དཔལ་གྱིས་ཡར་ཀླུངས་ཕྱོགས་སུ་དབང་བསྒྱུར། སྐྱིད་ལྡེ་ཉི་མ་མགོན་ལ་སྲས་གསུམ་འཁྲུངས་པ་ལས་ཆེ་བ་དཔལ་ལྡེ་རིག་པ་མགོན་གྱིས་ མང་ཡུལ་བཟུང་ཞིང་དེའི་རྒྱུད་པས་ལ་དྭགས་རྒྱལ་རབས་བཙུགས། བར་བ་བཀྲ་ཤིས་ལྡེ་མགོན་གྱིས་སྤུ་རངས་བཟུང་། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང་ཞིང་ཕྱིས་ཀྱི་གུ་གེ་རྒྱལ་རབས་བཙུགས། དེས་ན་བོད་ཀྱི་ལོ་རྒྱུས་རྣམས་སུ་འདི་གསུམ་ལ་ཆོས་རྒྱལ་གྱི་གདུང་རྒྱུད་སྟོད་ ཀྱི་མགོན་གསུམ་ཞེས་ཟེར་རོ། །
      ལྡེ་གཙུག་མགོན་གྱི་གདུང་རྒྱུད་ལས་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་ཅེས་ ཆོས་རྒྱལ་སྐུ་དྲིན་ཅན་དེ་དག་བྱུང་། སྤྱིར་འོད་སྲུང་གི་གདུང་རྒྱུད་དུ་ཆོས་རྒྱལ་ཤ་སྟག་བྱུང་ཞིང་། བསྟན་པའི་མེ་རོ་སྨད་ནས་གསོས་ཤིང་སྟོད་ནས་འབར་ཞེས་པའང་ཆོས་རྒྱལ་དེ་དག་གི་ ཐུགས་རྗེ་དང་སྐུ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་ནོ། །
  ༤༥ འབྲོམ______མཉམ་མེད་ཇོ་བོ་རྗེའི་ཐུགས་སྲས་གཅིག་བུ་འབྲོམ་སྟོན་པ་རྒྱལ་བའི་ འབྱུང་གནས་༼1004-1044༽མཆོག་ནི་འདམ་གཞུང་གཉན་ཆེན་ཐང་ལྷའི་ཉེ་འདབས་སུ་ཡབ་རྟ་ གསུམ་སྐུ་གཤེན་དང་ཡུམ་ཁུ་འོད་བཟའ་ལན་གཅིག་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་དུས་ནས་བླ་མ་སེ་བཙུན་པའི་སར་བྲོས་ཏེ་ཕྱག་གཡོག་སྒྲུབ་ཞོར་མི་ལོ་ཉི་ཤུ་ ལྷག་ལ་སློབ་སྦྱོང་གནང་སྟེ་མཁས་པར་གྱུར། ཞང་སྣ་ནམ་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་པར་མཚན་ལ་རྒྱལ་བའི་འབྱུང་ གནས་སུ་གསོལ། པཎྡི་ཏ་ཚེར་མ་དང་སྨྲི་ཏི་གཉིས་ལས་སྒྲ་རིག་པ་དང་ལེགས་སྦྱར་གྱི་སྐད་བསླབས། ཕྱིས་མངའ་རིས་སྤུ་རངས་སུ་ཕེབས་ཏེ་མཉམ་མེད་ཇོ་བོ་ཆེན་པོ་བླ་མར་བསྟེན་ནས་ནང་ གཡོག་གཙོ་བོར་མཛད། ཟབ་ཆོས་མང་དུ་ཞུས། སྤྱི་ལོ ༡༠༥༥ ལོར་ཇོ་བོ་རྗེའི་གདུང་མཆོད་དུ་སྙེ་ཐང་སྒྲོལ་མ་ལྷ་ཁང་བཞེངས། རབ་བྱུང་དང་བོའི་མེ་བྱ་༼སྤྱི་ལོ་1057༽ལོར་རྭ་སྒྲེང་དགོན་པ་བཏབ། ཇོ་བོ་རྗེའི་དགོངས་པ་དང་མཐུན་པའི་ལྟ་སྤྱོད་གཙང་མ་རྒྱ་ཁྱབ་དུ་སྤེལ་བས་བཀའ་ གདམས་པའི་ཆོས་རྒྱུད་བྱུང་ཞིང་ཁོང་ལ་བཀའ་གདམས་བསྟན་པའི་མེས་པོ་ཟེར། སྐུ་ཚེ་གཅིག་པོར་རྟེན་དགེ་བསྙེན་དུ་བཞུགས་པ་ལས་རབ་བྱུང་མ་མཛད་ཀྱང་བསླབ་ ཁྲིམས་བསྲུང་བ་ལ་དགེ་སློང་ལས་ཀྱང་ལྷག་པ་གནང་།  དགུང་ལོ་རེ་གཅིག་པར་རྭ་སྒྲེང་དུ་སྐུ་གཤེགས། ཁོང་གི་འགྱུར་ལ། བཀའ་འགྱུར་ལས་ཚོགས་ཀྱི་བདག་པོའི་རྒྱུད་ལེའུ་བཅོ་ལྔ་བ། བསྟན་འགྱུར་ལས་དཔལ་མགོན་པོའི་གཏོར་ཆོག་ཇོ་བོ་རྗེས་མཛད་པ། འཕགས་པ་བྱམས་པའི་སྒྲུབ་ཐབས་འཕགས་པ་ཐོགས་མེད་ཀྱིས་མཛད་པ། རྒྱལ་བོ་ཆེན་པོ་བཞིའི་གཏོར་མ་སོགས་དང་། བཀའ་རྩོམ་ལ་བླ་མའི་ཡོན་ཏན་ཆོས་ཀྱི་འབྱུང་གནས་དང་། དབུས་གཙང་གི་དགེ་བཤེས་རྣམས་ལ་ཇོ་བོ་རྗེ་གདན་འདྲེན་གྱི་གྲོས་འདེབས་སུ་ཕུལ་ བའི་འཕྲིན་ཡིག  མི་ཆོས་གནད་ཀྱི་ཕྲེང་བ་སོགས་ཐོར་བུ་བ་མང་དུ་བཞུགས་སོ། །
  ༤༦ ཇོ་བོ______མཉམ་མེད་ཇོ་བོ་རྗེ་དཔལ་ཨ་ཏི་ཤའམ་དཔལ་མར་མེ་མཛད་ཡེ་ཤེས་མཆོག་ནི་༼ 982-1054༽རྒྱ་གར་ཤར་ཕྱོགས་ཟ་ཧོར་རམ་བྷང་གྷ་ལའི(孟加拉国)རྒྱལ་བོ་དགེ་བ་དཔལ་དང་། ཡུམ་དཔལ་མོ་འོད་ཟེར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཕྱི་ནང་གི་གཞུང་ལུགས་སྒྲ་ཚད་ཀུན་ལ་མཁས་པར་སྦྱངས་པས་པཎྡི་ཏ་ཆེན་པོའི་མཚན་ སྙན་ཐོབ། དགུང་ལོ་ཉེར་དགུ་བར་རབ་ཏུ་བྱུང་། གསེར་གླིང་བ་ལ་སོགས་པའི་བླ་མ་སོ་བཞི་བསྟེན། འཕགས་ཡུལ་དུ་མཁས་པའི་གྲགས་པ་འབར། བོད་ཀྱི་རྒྱལ་བློན་དང་ལོ་ཙཱ་བ་དུ་མས་དཔག་པར་དཀའ་བའི་བརྩོན་པ་ལ་བསྟེན་ནས་ སྤྱི་ལོ ༡༠༣༨ ལོར་བོད་དུ་གདན་དྲངས། མངའ་རིས་སུ་ལོ་གསུམ། སྙེ་ཐང་དུ་ལོ་དགུ། དབུས་གཙང་གཞན་དུ་ལོ་ལྔ་སྟེ་ཁྱོན་ལོ་བཅུ་བདུན་ལ་བོད་དུ་བཞུགས་ནས་ཆོས་ཀྱི་ འཁོར་ལོ་རྒྱ་ཆེར་བསྐོར། སངས་རྒྱས་བསྟན་པའི་དག་ཐེར་ལ་བཀའ་དྲིན་བླ་མེད་བསྐྱངས།   བཀའ་གདམས་གྲུབ་མཐའ་གསར་བཏོད་མཛད། དགུང་གྲངས་དོན་གསུམ་པར་སྙེ་ཐང་དུ་སྐུ་གཤེགས།

འབྲེལ་ཡོད་འོས་སྦྱོར།