བཀའ་ཆེམས་ཀ་ཁོལ་མ།
རྩོམ་པ་པོ།:ཆོས་རྒྱལ་སྲོང་བཙན་སྒམ་པོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-02-21
ཀློག་གྲངས།:
དེ་ནས་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་བ། བཟོ་བོ་བི་ཤོ་ཀརྨ་ཁྱོད་ལ་དེ་བཞིན་གཤེགས་པའི་སྐུ་ལ་ཆེ་བ་དང་ལེགས་པའི་ཆག་ཚད་མེད་པར་བསྟན་པ་ཡིན་ནོ་གསུངས་ནས། ངའི་སྐུ་ཚབ་རྣམ་པ་གཉིས་ཀྱིས་ཤིག་གསུང་ངོ༌། །སྐུ་ཚད་རྣམ་པ་གཅིག་ནི་དགུང་ལོ་བརྒྱད་ལོན་པའི་བོངས་དང་མཉམ་པ་གཅིག་གྱིས་གསུང་ངོ༌། །སྐུ་ཚད་རྣམ་པ་གཅིག་ནི་དགུང་ལོ་བཅུ་གཉིས་ལོན་པའི་བོངས་དང་མཉམ་པ་གཅིག་གྱིས་གསུང་ངོ༌། །དགུང་ལོ་བརྒྱད་པ་དང་བཅུ་གཉིས་པ་གཉིས་ཀྱི་ཚད་ནི་སུས་ཀྱང་མ་ཤེས་ནས། གྲོང་ཁྱེར་སེར་སྐྱའི་རྒན་མོ་བྱིས་པ་རྣམས་ཀྱི་རྩེད་མོ་རྩེ་བའི་མ་མ་འདྲིའོ་ཟེར་སྟེ་དྲིས་པས་གྲོང་ཁྱེར་སེར་སྐྱའི་སྒོའི་སྐྱས་བུ་དང་མཉམ་ཟེར་ཙ་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཁོང་གིས་རྩེད་མོ་རྩེ་བའི་མ་མ་ལ་སྤྱན་ཟུར་ཙམ་པ་ཞིག་གིས་གཟིགས་པས་མ་མ་སྤྲོ་བ་སྐྱེད་དེ། རྒྱལ་བུ་ལོ་བརྒྱད་དང་བཅུ་གཉིས་ལོན་ཙ་ན་ངས་རྩེད་མོ་རྩེ་མོ་པའི་དོན་དུ་དེད་པས། གྲོང་ཁྱེར་སེར་སྐྱའི་བསིལ་ཁང་གི་སྒོའི་སྐྱེས་བུ་ཕྱི་ནང་གཉིས་དང་རྒྱལ་བུ་ལོ་བརྒྱད་དང་བཅུ་གཉིས་པ་དང་མཉམ་མོ་ཟེར་ནས། སྐྱེས་བུ་ནང་མ་ལ་ཚད་བྱས་ཏེ་དགུང་ལོ་བརྒྱད་པ་ཞིག་བཞེངས་སོ། །ཡང་སྐྱེས་བུ་ཕྱི་མ་ལ་ཚད་ནས་ཏེ་དགུང་ལོ་བཅུ་གཉིས་པ་གཅིག་ལུགས་སུ་བླུགས་ཏེ་བཞེངས་པས། སྐུ་དེ་ཀའི་སྤྱན་འཁོར་ལ་གཟིགས་པ། ས་གནོན་གྱི་ཕྱག་རྒྱ་མཛད་པ། ཞབས་འཁོར་ལོ་རྩིབས་བརྒྱད་ཡོད་པ། དབུའི་གཙུག་ཏོར་ནོར་བུ་རིན་པོ་ཆེས་བརྒྱན་པ། མདོག་སྣ་ཚོགས་སུ་ཡོད་པ། གདན་ཁྲི་ལ་སེངྒེ་བརྒྱ་རྩ་བརྒྱད་དང༌། སྒྲོལ་མ་བརྒྱ་རྩ་བརྒྱད་ཀྱིས་བརྒྱན་པ། རྒྱབ་ཡོལ་ལ་མདོ་རྒྱ་ཆེར་རོལ་པའི་རྒྱུད་རིས་མཛད་པ་བཅུ་གཉིས་འབུར་དུ་བཏོད་པ། འོད་སྐོར་ལ་སངས་རྒྱས་སུམ་ཅུ་སོ་ལྔ་དང༌། ལྟག་ཁུང་ལ་ཁྲོ་བོ་བདུད་རྩི་འཁྱིལ་བ་འབུར་དུ་བཏོད་པ། རྒྱབ་ཡོལ་གྱི་ནང་སྐོར་གྱི་གཡས་གཡོན་ལ། ཉན་ཐོས་ཆེན་པོ་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་དང༌། རབ་འབྱོར་དང་ཀུན་དགའ་བོ་ལ་སོགས་པ་མང་པོ་འབུར་དུ་བཏོད་པ། ཕྱི་སྐོར་ལ་རྒྱན་རྣམ་བཞི་དང༌། རྒྱལ་སྲིད་སྣ་བདུན་དང༌། བཀྲ་ཤིས་རྫས་བརྒྱད་འབུར་དུ་བཏོད་པ། རིན་པོ་ཆེ་སྣ་ལྔ་ལ་དབུ་རྒྱན་རྒྱལ་བ་རིགས་ལྔ་བཞེངས་ནས་དབུ་ལ་གསོལ་བ། ཟ་འོག་གི་སྣམ་ཡོལ་པདྨ་སྟོང་ལྡན་བྲིས་པ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཀའི་ཆ་ལུགས་ཚང་བ་གཉིས་བཞེངས་སོ། །སྐུ་དེ་གཉིས་གང་དུ་བཞུགས་པའི་སར་ཉན་ཐོས་རྒྱུན་དུ་ཞུགས་པ་དང༌། ལན་གཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། བྱང་ཆུབ་སེམས་དཔའ་ས་ཐོབ་པ་ཉི་ཟེར་གྱི་རྡུལ་ཙམ་པ་བཞུགས། དེའི་དབང་གིས་སྐུ་དེ་གང་ན་བཞུགས་པའི་སར་ཐེག་པ་ཆེན་པོ་འི་ཆོས་འབད་པ་མེད་པར་འོང་བ་དང་ལྡན་པ་གཉིས་བཞེངས་སོ། །བཟོ་བོ་ནི་ལྷའི་བཟོ་བོ་བི་ཤོ་ཀརྨས་བྱས། ཡོན་གྱི་སྦྱིན་བདག་ནི་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱས། སྐུའི་རྒྱུ་ནི་འཕགས་པ་བྱམས་པས་བསགས། རྟེན་རྫས་ནི་སངས་རྒྱས་འཁོར་བ་འཇིག་དང༌། རྣམ་པར་གཟིགས་དང༌། གཙུག་ཏོར་ཅན་དང༌། འོད་སྲུངས་གསུམ་གྱི་གདུང་དང་རང་བསྲེལ་མ་ག་ཏའི་བྲེ་རེ་རེ་སྟེ་བྲེ་གསུམ་དང༌། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསམ་འཕེལ་དོན་གྲུབ་ཕུག་རོན་ཙམ་ཞིག་ནུ་མ་གཡས་པའི་ཐད་ཀ་ན་བཞུགས་སོ། །མངའ་གསོལ་དང་རབ་གནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཁོང་རང་གིས་མཛད་ནས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཞལ་ནས་འདི་སྐད་ཅེས་གསུང་ངོ༌། །ངའི་སྐུ་རྟེན་འདི་ཇི་སྲིད་འཇིག་རྟེན་ན་གནས་ཀྱི་རིང་ལ་སྟོན་པ་ཤཱཀྱ་ཐུབ་པ་ང་འཇིག་རྟེན་ན་བཞུགས་པ་དང་འདྲ། མུ་སྟེགས་པ་ཡང་ཟིལ་གྱིས་འདིས་མནོན། སངས་རྒྱས་ཀྱི་བསྟན་པ་ཡང་འཇིག་རྟེན་དུ་ཡུན་རིང་དུ་གནས་ཏེ། སྐུ་དེ་ཀུན་གང་ན་གནས་པ་དེ་ཡུལ་དབུས་ཡིན་པས་འདིས་སྟོན་པའི་བྱ་བ་བྱེད་པར་འགྱུར་རོ་ཞེས་གསུངས་པ་དང༌། ཕྱག་ན་རྡོ་རྗེ་ན་རེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ངས་འཛིན་པ་ཡིན་པས་གསང་བ་འཛིན་པ་ངས་འཛིན་བྱེད་ཟེར་ནས་དཀོན་གཉེར་ཁས་བླངས། ཡོན་བདག་ནི་ཚོགས་ཀྱི་བདག་པོས་ཁས་བླངས་སོ། །དེ་ནས་སྐུ་ཚབ་དེ་གཉིས་དང་པོ་རྒྱལ་པོ་གསལ་རྒྱལ་གྱི་ཕྱག་ཏུ་བཞུགས། དེ་ནས་ཤཱཀྱ་ཐུབ་པ་དགུང་ལོ་བརྒྱད་པའི་སྐུ་འདྲ་དེ་ཀླུའི་ཡུལ་དུ་ཀླུའི་རྒྱལ་པོ་བཏང་བཟུང་གིས་སྤྱན་དྲངས་ནས། ཀླུའི་རྒྱལ་པོ་བཏང་བཟུང་གི་འགྲོ་དོན་ལ་ཉིས་སྟོང་མཛད་དོ། །དེ་ནས་བལ་བོའི་རྒྱལ་པོ་ཧ་ལན་འདི་མཆོད་གནས་ཤི་མེ་ཏ་ཆུ་བབས་ཏི་དང༌། མཁན་པོ་ཀར་ཤཾ་གཉིས་ཀྱིས་མངོན་པར་ཤེས་པས་ཤཱཀྱ་ཐུབ་ཀྱི་སྐུ་ཚབ་མི་བསྐྱོད་རྡོ་རྗེ་དེ་ཀླུའི་ཡུལ་ན་བཞུགས་ཡོད་པར་ཤེས་ནས། ཀླུའི་རྒྱལ་པོ་བཏང་བཟུང་སྙུང་ནད་ཀྱིས་གཟིར་ནས་སྙུངས་ཏེ། དེ་ནད་ལས་གྲོལ་བར་མཛད་པའི་ཡོན་ཏུ་ཇོ་བོ་མི་བསྐྱོད་རྡོ་རྗེ་ཕུལ་ནས་དེ་བཞིན་གཤེགས་པ་ཁྲུས་མཛད་པའི་རྫིང་ན་ཡར་སྐུ་དེ་སྤྱན་དྲངས་སོ། །གདན་ཁྲི་ཀླུའི་ཡུལ་དུ་ཀླུ་ཕྱག་མཆོད་བྱེད་པའི་རྟེན་ལ་བཞུགས་སོ། །བསྟན་པ་ནུབ་ཙམ་ན་སྐུ་སྤྱན་འདྲེན་དུ་འཇུག་པར་ཁས་བླངས་པ་ཡིན། རིན་པོ་ཆེའི་མཆོད་རྟེན་མི་ཡུལ་ན་བཞུགས་ཚད་ཀླུའི་ཡུལ་དུ་སྤྱན་འདྲེན་པར་བྱས་སོ། །དེ་ནས་ཤཱཀྱ་ཐུབ་ཀྱི་སྐུ་ཚབ་དགུང་ལོ་བརྒྱད་པ་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་དེ་བལ་པོའི་དགེ་སློང་ཤི་མེ་ཏ་ཆུ་འབབ་ཏི་དང༌། མཁན་པོ་ཀར་ཤཾ་གཉིས་ཀྱིས་གདན་ཁྲི་མེད་པའི་རྒྱལ་ཡོལ་བླ་བྲེ་དང་བཅས་པ་དེ་བལ་ཡུལ་དུ་གདན་དྲངས་ནས་བལ་ཡུལ་དུ་མི་ལོ་ཉིས་སྟོང་བཞུགས་ཏེ། བལ་པོའི་འགྲོ་དོན་མཛད་དོ། །བོད་ཡུལ་དུ་བྱོན་ཚུལ་ནི་འོག་གི་ལེའུ་ན་གསལ་ཏེ། རྒྱལ་པོ་སྲོང་བཙན་སྒམ་པོས་བལ་ཟ་ཁྲི་བཙུན་སྤྱན་དྲངས་པའི་ནང་ན་ཡོད་དོ། །གཟུགས་ཁམས་ཀྱི་ལྷ་རྣམས་ཤཱཀྱ་ཐུབ་ཀྱི་སྐུ་ཚབ་ནི་མིའི་ཁྲུ་སུམ་ཅུ་སོ་དྲུག་པ་ཞིག་བཞེངས་པ་དེ་ལྷ་ཚངས་པས་སྤྱན་དྲངས་ནས་གཟུགས་ཁམས་ཀྱི་ལྷ་རྣམས་ཚོགས་གསོག་པའི་རྟེན་མཛད་དོ། །ཡུལ་དང་ཞིང་ཁམས་གཞན་དུ་འབྱོན་པར་མ་བྱས། དེའི་བཟོ་ཡང་བི་ཤོ་ཀརྨས་བྱས་སོ། །འདོད་ཁམས་ཀྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚབ་མིའི་ཁྲུ་དྲུག་ཅུ་བ་གཅིག་བཞེངས་ཏེ། དེའི་བཟོ་ཡང་བི་ཤོ་ཀརྨས་བྱས་སོ། །སྐུ་དེ་ནི་འཕགས་པ་དྲུག་སྡེས་བལ་ཡུལ་དུ་གདན་དྲངས་ཏེ་ཡུལ་དང་ཞིང་ཁམས་གཞན་དུ་འབྱོན་པར་མ་བྱས་གསུང་གི་རྟེན་དུ་མྱ་ངན་འདས་ཆེན་དང་འདས་ཆུང་བཞེངས་སུ་གསོལ་ལོ། །དེ་ནས་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དགུང་ལོ་བཅུ་གཉིས་པའི་སྐུ་ཚབ་དེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་གདན་ཁྲི་རྒྱབ་ཡོལ་དང༌། ཤ་དབུ་རྒྱན་བླ་བྲེ་དང་བཅས་པ་དེ་དགའ་ལྡན་དུ་གདན་དྲངས་སོ། །དགའ་ལྡན་ལྷ་ཡུལ་དུ་མི་ལོ་ལྔ་བརྒྱར་འགྲོ་དོན་མཛད་དོ། །དེ་ནས་ཨུ་རྒྱན་གྱི་མཁའ་འགྲོ་མ་རྣམས་ཀྱིས་ཨུ་རྒྱན་ཡུལ་དུ་གདན་དྲངས་ནས། བླ་བྲེ་ལྷའི་ཡུལ་དུ་བཞག་གོ །མི་ལོ་ལྔ་བརྒྱར་ཨུ་རྒྱན་ཡུལ་དུ་འགྲོ་དོན་མཛད་དོ། །དེ་ནས་རྒྱ་གར་ཡུལ་དུ་འབྱོན་པར་དགོངས་ནས་དབུ་རྒྱན་དེ་ཨུ་རྒྱན་ཡུལ་དུ་བཞུགས་སོ། །དེ་ནས་རྒྱ་གར་གྱི་གྲུབ་ཐོབ་པཎྜི་ཏ་རྣམས་ཀྱིས་ཁྲི་རྒྱབ་ཡོལ་དང་བཅས་པ་རྒྱ་གར་ཡུལ་དུ་གདན་དྲངས་ནས། དཔལ་ན་ལེནྡ྄ར་ཤཱི་ལའི་གཙུག་ལག་ཁང་དུ་བཞུགས་སོ། །རྒྱ་གར་ཡུལ་དུ་མི་ལོ་ལྔ་བརྒྱར་འགྲོ་དོན་མཛད་དོ། །རྒྱ་ནག་ཡུལ་དུ་འབྱོན་པ་ནི་འོག་ནས་སྟོན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ཉན་ཐོས་ཆེན་པོ་རྣམས་ནི་རང་རང་གི་ཐུགས་ཀ་ནས་མེ་ཕྱུང་ནས་ཕུང་པོ་ལྷག་མ་མེད་པར་གྱུར། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་གདུལ་བྱའི་དོན་ལ་འཇིག་རྟེན་གྱི་ཁམས་གཞན་དུ་གཤེགས་སོ། །དེ་ནས་དེའི་ཕྱིར་སྦྱར་ཨ་སུ་ར་གསང་བའི་བྲག་ཕུག་ཏུ་སློབ་དཔོན་དགེ་སློང་ལྔ་བརྒྱས་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པའི་གསུང་རབ་སྡེ་སྣོད་གསུམ་བསྡུས་ནས། ལྷའི་བཟོ་བོ་བི་ཤོ་ཀརྨས་བརྗེད་ཐོར་ཡི་གེར་བཀོད་པས་སངས་རྒྱས་ཀྱི་བསྟན་པའི་མངའ་བདག་ནི་དགེ་སློང་ཡིན་ནོ། །དེ་མི་ནུབ་པའི་རྒྱལ་མཚན་དུ་ལོ་བརྒྱ་ན་གྲོང་ཁྱེར་ཡངས་པ་ཅན་དུ་དགེ་སློང་ལྔ་བརྒྱ་སྡེ་སྣོད་གསུམ་གྱི་དོན་བཀའ་འཁོར་ལོ་དང་པོའི་དགོངས་པ། བསྟན་བཅོས་ཀྱི་བྱེ་བྲག་ཏུ་བཤད་མཚོ་ཆེན་པོ་བམ་པོ་སུམ་བརྒྱ་བ་བརྩམས་སོ། །བསྟན་བཅོས་ལ་སྔ་བ་དེ་ཡིན་ནོ། །སངས་རྒྱས་ཤཱཀྱ་ཐུབ་འདས་ནས་མི་ལོ་བཞི་བརྒྱ་ན་སློབ་དཔོན་འཕགས་པ་ཀླུ་སྒྲུབ་བྱོན་ནས། བཀའི་འཁོར་ལོ་བར་བའི་དགོངས་པ་དབུ་མ་རིག་པའི་ཚོགས་དྲུག་རྣམས་བརྩམས་སོ། །སངས་རྒྱས་ཤཱཀྱ་ཐུབ་འདས་ནས་མི་ལོ་དགུ་བརྒྱ་ན་འཕགས་པ་བྱམས་པ་བྱོན་ནས། བཀའི་འཁོར་ལོ་ཐ་མའི་དགོངས་པའི་དོན་ངེས་པར་འགྲེལ་པ་ལྔར་བཀྲོལ་ལོ། །དེ་དག་ཐམས་ཅད་ཀྱང་ལྟ་བ་དང་སྤྱོད་པ་རྣམ་པར་དག་པ་ཉམས་སུ་བླང་བར་བྱ་བ་ལ་སོགས་པ་རྒྱས་པར་གནང་ངོ༌། །དེ་ནས་ལོ་ལྔ་བརྒྱ་ན་མ་ག་ཏའི་གྲུབ་ཐོབ་ཅིག་གི་ཇོ་མོ་འོད་ཟེར་ཅན་བསྒྲུབས་པས་འགྲུབ་པ་དང་ཤར་ཕྱོགས་བ་ལང་རྫིའི་གྲོང་ཁྱེར་དུ་ཕྱིན་པ་དང༌། བ་ལང་རྫིའི་མ་སྨད་གསུམ་སྐྲ་འབལ་ཞིང་ངུ་བྲང་རྡུང་བྱེད་པ་མཐོང་ནས་ཁྱོད་རྣམས་ཅི་ལ་མྱ་ངན་བྱེད་པ་ཡིན་བྱས་པས། ཨ་མ་ན་རེ་ངའི་བུ་ལ་རྒྱལ་པོའི་བུ་རེས་མོས་འབབ་པར་ཡོད་ཟེར། དེ་ལ་ངུ་ཅི་ལ་དགོས་བྱས་པས། རྒྱལ་པོ་བྱས་པ་དང་ངའི་བུ་འཆི་བ་ཡིན་ཟེར། འོ་ན་ངས་རྒྱལ་པོ་བྱའམ་བྱས་པས། བྱེད་པར་ཞུ་ཟེར། ཉི་མ་ནུབ་པ་དང་གྲོང་ཁྱེར་པའི་མི་ཐམས་ཅད་འདུས་ནས་ཕོ་བྲང་དུ་གྲུབ་ཐོབ་དེ་རྒྱལ་པོར་དབང་བསྐུར་རོ། །གྲོང་ཁྱེར་པ་རྣམས་ན་རེ་ཉིད་རང་རྣམས་ལ་རྒྱལ་པོ་མེད་ན་ཡུལ་གྱི་ཁྲིམས་འཇིག་ཉེན་ཡོད་ཟེར་རོ། །གྲུབ་ཐོབ་དེ་རྒྱལ་པོའི་ཁྲི་ལ་སྲོད་ཀྱི་དུས་ན་བཞུགས་ཡོད་ཙ་ན། ནམ་གུང་གི་དུས་སུ་ཀླུ་ཞིག་བཙུན་མོར་སྤྲུལ་ནས་བྱུང༌། བཙུན་མོ་དེ་སྦྲུལ་དུ་རེད་སོང་ནས་རྒྱལ་པོ་ཟར་བྱུང་བས་གྲུབ་ཐོབ་དེས་སྦྲུལ་བསད་དོ། །ནམ་ལངས་པ་དང་གྲོང་ཁྱེར་པའི་མི་ཐམས་ཅད་རོལ་ཆ་ཁྱེར་ནས་ནང་མའི་རིས་ཀྱི་རྒྱལ་པོའིརོ་སྤྱན་འདྲེན་པ་ཡིན་པ་ལ། དེའི་ནང་བར་རྒྱལ་པོ་དེ་ཀླུ་བདུད་ཀྱིས་བསད་ནས་ཤི་ཡོད་སྙམ་ནས་རོ་སྤྱན་འདྲེན་དུ་ཕྱིན་པ་ན་རྒྱལ་པོ་མ་ཤི་བར་འདུག་གོ །གྲུབ་ཐོབ་ཀྱི་རྒྱལ་པོ་ན་རེ་ངས་རྒྱལ་པོ་ཟ་མཁན་གྱི་ཀླུ་དེ་བཏུལ་ཡོད་ཅིང༌། ད་ཁྱེད་རང་ཚོ་རྒྱལ་པོའི་རེ་མོས་སུ་ཡོད་པ་དེ་རྒྱལ་པོར་འོས་པ་གང་ཡིན་པ་ཞིག་རྒྱལ་པོར་བསྐོས་བྱས་པས། ཁོང་རྣམས་ན་རེ་ད་ཁྱེད་ཀྱིས་རྒྱལ་པོ་མཛད་པར་ཞུ་ཟེར་བས་གྲུབ་ཐོབ་དེས་རྒྱལ་པོ་མཛད་དོ། །རྒྱལ་པོ་དེའི་མིང་ནི་དག་པ་ཞེས་བྱའོ། །དེའི་སྲས་དྷརྨ་པ་ལ། དེའི་སྲས་དེ་བ་པ་ལ། དེའི་སྲས་དྷརྨ་པཱ་ལའི་སྐུ་རིང་ལ་ནུབ་ཕྱོགས་སུ་ན་ལེནྡ྄རར་ཕྱི་པ་མུ་སྟེགས་པས་དམག་དྲངས་པའི་དུས་ཕན་ཆད་དུ། ཇོ་བོ་ཤཱཀྱ་མུ་ནེའི་སྐུ་དེ་མི་ལོ་བཞི་བརྒྱར་དཔལ་ན་ལེནྡ྄ར་ཤཱི་ལར་བཞུགས་ནས་འགྲོ་དོན་མཛད་པ་ཡིན། དེ་ནས་མུ་སྟེགས་ཀྱི་དམག་དུགས་ཆེ་བས་མ་ཐུབ་ཀྱི་དོགས་ནས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་དེ་ཨོ་ཏན་ཏ་པུ་རིའི་གཙུག་ལག་ཁང་དེ་བཙན་ལ་མཐུ་དཔུང་ཆེ་སྟེ་མུ་སྟེགས་ཀྱི་དམག་གིས་མི་ཐུབ་པས་ཤཱཀྱ་མུ་ནེ་དེ་ཨོ་ཏན་ཏ་པུ་རིའི་ལྷ་ཁང་དུ་མི་ལོ་བརྒྱ་ཐམ་པ་བཞུགས་པ་ཡིན། དེ་ནས་ཕྱི་པ་མུ་སྟེགས་པའི་དམག་ཆེན་བྱུང་ནས་དཔལ་ན་ལེནྡ྄རའི་མགོན་པོ་བརྒྱད་ཀྱི་ལྷ་ཁང་དང༌། སྒྲོལ་མ་བརྒྱད་ཀྱི་ལྷ་ཁང་ལ་སོགས་པ་བཤིག པཎྜི་ཏ་ཐམས་ཅད་བཀྲོངས། གླེགས་བམ་གསུང་རབ་ཐམས་ཅད་ཀྱང་མེས་བསྲེགས་ནས་ཆོས་བསྣུབས་སོ། །ཡུལ་མ་ག་ཏའི་རྒྱལ་པོ་འཕམ་པར་བྱས་པས། དེར་རྒྱལ་པོ་དྷརྨ་པ་ལས་རྒྱ་ནག་ཀེ་ཤི་ཁྲི་སྒོའི་རྒྱལ་པོ་ལ་ཕོ་ཉ་བཏང་སྟེ། ཨེ་མ་ངེད་ལ་རྒྱུ་སེམས་ཅན་ལ་སངས་རྒྱས་འབྱུང་བ་སྒྲུབ་ཏུ་ཡོད་པའི་ཆོས་བྱ་བ་ཞིག་ཡོད་པས། དེ་ལ་ཕྱི་པ་མུ་སྟེགས་པས་ཕྲག་དོག་བྱས་ཏེ་མུ་སྟེགས་དུ་རུ་ཀའི་དམག་བརྒྱབ་ནས། ཉིད་ཀྱི་ཆོས་ལེགས་པོ་དེ་ཁོང་གིས་བསྣུབས་ནས་མེད་པས། ད་ཁྱེད་རྒྱ་ནག་འདི་དཔུང་ཆེ་བས་དམག་གཏོང་བར་ཞུ་བ་ཕུལ་བས། དེ་ལ་རྒྱ་ནག་གིས་སྐྱེས་ལན་གཉིས་བྱུང་བ་ལ་སྐྱེས་ཀྱི་དང་པོ་ནི་རྒྱ་ནག་གི་རྒྱལ་པོས་ཟ་འུག་ཆེན་པོའི་བེར་བསྲུབས་མེད་པ་ཇི་ལྟར་བྱས་གོན་ཀྱང་ཐུགས་ཀར་དཔལ་བེ་བཞི་ཕུང་ངེ་ཡོད་པ་གཉིས་ཀྱི་སྐྱེས་ལན་གཉིས་བྱུང་ནས། ཟབ་ཆེན་གྱི་བེར་གཅིག་བྷ་གྷ་ལའི་རྒྱལ་པོ་ལ་ཕུལ་ཏེ་དམག་ཞུས་པས་གནང་ནས། རྒྱ་ནག་གི་དམག་དང་བྷ་གྷ་ལའི་དམག་དང་བཅས་ཏེ་ནང་པ་སངས་རྒྱས་པའི་རྒྱལ་པོའི་དམག་ཡང་ཤོགས་ཏེ། ཕྱི་པ་མུ་སྟེགས་པའི་རྒྱལ་པོ་ལ་དམག་ཐམས་ཅད་དྲངས་ནས། མུ་སྟེགས་དང་དུ་རུ་ཀའི་དམག་ཚོགས་ཐམས་ཅད་ཐལ་བར་བཏུལ། མུ་སྟེགས་པའི་རྟེན་ཐམས་ཅད་ཀྱང་བཤིག་ནས་མུ་སྟེགས་ཐམས་ཅད་བརླག་པར་བྱས་སོ། །སྐྱེས་ལན་གཉིས་པ་ཕྱི་མ་ལ་ལྷ་ཁང་བཤིག་པ་ཐམས་ཅད་གསོས། གླེགས་བམ་དང་གསུང་རབ་རྣམས་བྲིས། ཆོས་ཁྲིམས་བཙུགས་པས་སངས་རྒྱས་ཀྱི་བསྟན་པ་ཡང་སྔར་ལྟར་ཚུད་དོ། །དེ་རྒྱ་ནག་པོའི་དྲིན་ཡིན་པས་དེའི་སྐྱས་ལན་གྱི་དོད་ཐུབ་པ་ཞིག་བསྐུར་བར་འདོད་པས་ཁོང་གི་དེ་ལ་འགྲན་ཟླ་མ་རྙེད་ནས། མི་རྣམས་ལ་རེ་ཉིད་ཀྱི་རྒྱལ་པོ་འདི་ཆེ་བ་ཡིན་ཟེར། རྒྱལ་པོ་ནི་ཁོང་སྐྱེས་ལན་དུ་མི་འགྲུབ་པ་ཞིག་འདོད་པ་ཡིན་སྙནམ་ནས་བློ་མ་བདེ། དེའི་དུས་སུ་རྒྱ་ནག་པོ་ན་རེ། ཁྱེད་རྒྱ་གར་བོ་ཆོས་ཀྱི་ཉམས་ཆེ། ངེད་རྒྱ་ནག་པོ་ཆོས་ཀྱི་ཉམས་ཆུང་བས་ང་ལ་སྐྱེས་ལན་དུ་སངས་རྒྱས་དཀོན་མཆོག་གི་རྟེན་དུ་ཤཱཀྱ་ཐུབ་པ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ལྷ་ཤཱཀྱ་མུ་ནེ་དང༌། ཆོས་དཀོན་མཆོག་གི་རྟེན་དུ་ཆུ་ཀླུང་བ་ཚའི་མདོ་དང༌། རྒྱན་སྟུག་པོའི་མདོ་དང༌། འདུལ་བ་བཀོད་པའི་མདོ་དང༌། ཟ་མ་ཏོག་བཀོད་པའི་མདོ་དང་བཞི། དགེ་འདུན་དཀོན་མཆོག་གི་རྟེན་དུ་དགེ་སློང་མདོ་སྡེ་འཛིན་པ་དང༌། མངོན་པ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། ཕར་ཕྱིན་འཛིན་པ་དང་བཅས་ཏེ་དགེ་སློང་བཞི་སྡེ་རྣམས་བསྐུར་དགོས་ཟེར་བ་བྱུང་བས། དེ་མི་བསྐུར་མ་བཏུབ་པར་རྒྱལ་པོ་དང༌། གནས་བརྟན་དང༌། པཎྜི་ཏ་དང༌། ཡོན་བདག་རྣམས་གྲོས་ཏེ་རྒྱ་ནག་རྒྱལ་པོ་ལ་སྐྱེས་ལན་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་ཀྱི་སྐུ་ཚབ་ལྷ་ཤཱཀྱ་མུ་ནེ་གདན་ཁྲི་དང་བཅས་པ་དེ་དང༌། གསུང་རབ་བ་ཚ་ཆུ་ཀླུང༌། རྒྱན་སྟུག་པོ། འདུལ་བ། ཟ་མ་ཏོག དགེ་སློང་མདོ་འཛིན་པ་བཞི་དང༌། ཤཱཀྱ་མུ་ནེ་གདན་ཁྲི་དང་བཅས་པ་རྒྱབ་ཡོལ་མེད་པར་གཟིངས་ཀྱི་ནང་དུ་བཞུགས་ནས་ཆུ་བོ་ཆེན་པོའི་ཁ་ལ་གདན་དྲངས་ཏེ་རྒྱ་ནག་ཏུ་བརྫངས་སོ། །རྒྱ་ནག་ཡུལ་དུ་ཆོས་དར་བ་དང་བཀྲ་ཤིས་པར་བྱས་སོ། །ཇོ་བོའི་རྒྱབ་ཡོལ་མཛད་པ་བཅུ་གཉིས་ཡོད་པ་དེ་རྒྱ་གར་གྱི་ཨོ་ཏན་པུ་རིའི་གཙུག་ལག་ཁང་ན་བཞུགས་ཡོད་དོ། །དེ་ནས་བོད་ཡུལ་དུ་ཁྲི་རྒྱབ་ཡོལ་མེད་པར་རྒྱ་མོ་ཨོང་ཅོང་གི་མཆོད་གནས་སུ་གྱད་ལྷ་དགའ་དང་ཀླུ་དགས་གདན་དྲངས་ནས་རྒྱས་བཏབ་ར་མོ་ཆེར་ཀླུའི་ཕོ་བྲང་འཇིགས་གཟུགས་ཀྱི་སྟེང་དུ་བཞུགས་པ་ནི། རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱ་མོ་ཨོང་ཅོང་སྤྱན་དྲངས་པའི་ལེའུ་མ་གི་ན་རྒྱས་པར་གསལ་ལོ། །སངས་རྒྱས་ཅིང་མི་གསུང་བའི་སྐུ་ཚབ་ནི། སངས་རྒྱས་འདས་ནས་མི་ལོ་བརྒྱད་ཅུ་ན། བྲམ་ཟེ་མ་ཧཱ་ཆེན་པོ་ལ་བུ་གསུམ་ཡོད་པའི་བུ་ཆེ་བའི་མིང་ལ་མ་ཧཱ་ས་མེ་ཟེར། འབྲིང་པོའི་མིང་ནི་བྷི་མེ་ཟེར། བུ་ཆུང་པའི་མིང་ལ་ཙཀྲ་ས་མེ་ཟེར་རོ། །བྲམ་ཟེའི་བུ་གསུམ་པོ་དེ་ཉི་མའི་རེས་ཀྱིས་འཐབས་ནས་མཆི་མ་ཙ་རེ་ལོག་ཡོངས་པས། ཨ་མ་ན་རེ་ཁྱོད་རྣམས་འཁྱགས་ན་རས་གོན། ལྟོགས་ན་འབྲས་ཟོ་ལ་མ་འཐབ་དང༌། ཁྱོད་ཚོ་ཅི་ལ་འཐབ་བྱས་པས། བུ་ཆུང་བ་ན་རེ་ངེད་ཚོ་ལྟོགས་པ་དང་འཁྱགས་ནས་འཐབས་པ་རང་མིན་ཏེ། ངས་ལྷ་དཀོན་མཆོག་གསུམ་བཟང་ཆོས་ལུགས་ནང་པ་སངས་རྒྱས་པ་བཟང་བྱས་པས། ཨ་བོ་གཉིས་ན་རེ་ལྷ་དབང་ཕྱུག་མ་ཧཱ་དེ་བ་བཟང་ཆོས་ལུགས་ཕྱི་པ་མུ་སྟེགས་པ་བཟང་བ་ཡིན་ཟེར་ནས་ཉིད་ཚོ་མ་འཆམ་པར་འཐབས་པ་ཡིན་ཟེར་བས། ཨ་མ་ན་རེ་ལྷ་དང་ཆོས་ལུགས་གཉིས་ཀ་བཟང་བ་ཡིན་ཞིག འདི་ནས་བྱང་ཕྱོགས་ཀྱི་རི་ནག་པོ་བདུན་འདས་པ་ན་གངས་རི་ཏི་སེའི་རྩ་ན་ལྷ་དབང་ཕྱུག་མ་ཧཱ་དེ་བ་ཡོད་ཀྱིས་དེ་ལ་དྲིས་ཤིག་ཟེར་ནས་བུ་གསུམ་པོའི་རྐང་པ་ལ་རྐང་མགྱོགས་ཀྱི་རྫུས་བྱུགས་ནས་འཕུར་སྟེ་བཏང་བས། གངས་རི་ཏི་སེའི་རྩ་ན་ལྷའི་བུ་མོ་གསུམ་སྣོད་མཛེས་པ་རེ་ཁྱེར་ནས་མེ་ཏོག་དཀར་སེར་སྔོ་གསུམ་འཐུ་ཡི་འདུག་པ་ལ། ཁྱེད་རྣམས་མེ་ཏོག་བཏུས་ནས་ཅི་བྱེད་བྱས་པས། བུ་མོ་རྣམས་ན་རེ། ལྷ་མ་ཧཱ་དེ་བས་ཉན་ཐོས་ལ་མཆོད་པ་འབུལ་བ་ཡིན་ཟེར། བུ་མོ་རྣམས་དང་འགྲོགས་ནས་ཕྱིན་པས། ལྷ་མ་ཧཱ་དེ་བས་བཅོམ་ལྡན་འདས་ཀྱི་འཁོར་ཉན་ཐོས་རྣམས་ལ་གསོལ་བ་བཏབ་པས། ཉན་ཐོས་རྣམས་མདུན་གྱི་མཁའ་ལ་བྱོན་ནས་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་ལྷ་མ་ཧཱ་དེ་བས་ཉན་ཐོས་རྣམས་ལ་བསྙེན་བཀུར་བྱས་མེ་ཏོག་གཏོར་བས་ཉན་ཐོས་རྣམས་ནམ་མཁའ་ལ་བཞུད་དོ། །དེ་ནས་བྲམ་ཟེ་སྤུན་གསུམ་ན་རེ་ལྷ་མ་ཧཱ་དེ་བ་ལགས། ཆོས་ལུགས་ཕྱི་པ་མུ་སྟེགས་པ་དང་ནང་པ་སངས་རྒྱས་པ་གཉིས་གང་བཟང་བྱས་དྲིས་པས། མ་ཧཱ་དེ་བ་ན་རེ་ཚེ་འདིའི་ཐུན་མོང་གི་དངོས་གྲུབ་ང་མྱུར། ཚེ་ཕྱི་མའི་བྱང་ཆུབ་སྒྲུབ་རྒྱུ་ང་ལ་མེད། ང་རང་ཡང་ཕྱི་མའི་བདེ་བ་འདོད་པའི་ཆེད་དུ་འཁོར་ཉན་ཐོས་ལ་མཆོད་པ་ཡིན་ནོ། །དེ་རིང་ཁྱེད་རང་ཚོས་མཐོང་བས་ཤེས་མོད་ཅེས་ཟེར་ནས་ཚིགས་བཅད་ཅིག་མཛད་དོ། །བཅོམ་ལྡན་ལྷ་ཡི་ལྷར་གྱུར་པ། །བླ་མའི་ཡང་ནི་བླ་མ་མཆོག །མཆོག་གནས་ཀྱི་ཡང་མཆོད་གནས་ཏེ། །འཇིག་རྟེན་གསུམ་ན་མཉམ་མེད་པ། །བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཆོས་ལུགས་ནང་པ་སངས་རྒྱས་པ་བཟང་བར་ཤེས་ནས་ཁོང་སྤུན་ཚོས་ཨ་མའི་དྲུང་དུ་ལོག་འོངས་ནས་དེ་རྣམས་སྨྲས་པས། མ་ན་རེ་ངས་དང་པོ་ནས་ཆོས་ལུགས་ནང་པ་བཟང་བར་ཤེས་ཏེ། ངས་འདི་ལྟར་ཡིན་བཤད་ན་ཕྱོགས་གོ་ཡི་དོགས་པ་ཡིན་ཟེར་རོ། །དེ་ནས་བུ་ཆེ་ཤོས་དེ་ན་རེ་ང་ཚོས་བྱེད་པའི་ལྷ་གར་བྱ་ཟེར་བས་མ་ན་རེ་ཁྱོད་ཀྱི་ལྷ་རི་བོ་གངས་ཅན་གྱི་རྒྱུད། ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ། ཡུལ་ཝ་ར་ན་སི་ན་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཁྲོད་ན་སངས་རྒྱས་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ས་ན་རྡོ་རྗེ་རིན་པོ་ཆེའི་གསེར་ཡོད་དེར་གྱིས། བུ་འབྲིང་བོ་ན་རེ་ང་ཆོས་བྱེད་ལྟ་གར་བྱ་ཟེར་བས། མ་ན་རེ་ཁྱོད་ཀྱི་ལྷ་ནི་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ཏ་ཀའི་སྐད་འདོན་པའི་ས་ན། སངས་རྒྱས་མཚན་མ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ས་ན་གནས་ཆེན་པོ་བརྒྱད་ཀྱི་ས་ལོང་ལ་དེར་གྱིས་ཟེར། བུ་ཆུང་ཤོས་ན་རེ་ང་ཆོས་བྱེད་པའི་ལྷ་གར་བྱ་ཟེར་བས། མ་ན་རེ་ཁྱོད་ཀྱི་ལྷ་ཁོང་ཨ་བོ་ཕོ་བོ་གཉིས་པས་བྱེད་ས་བཟང་བ་ཞིག་ཡོད། ཁྱོད་དང་པོ་ནས་ནང་པ་སངས་རྒྱས་པ་ལ་མོས་ལ་གུས་པས། ཆུ་བོ་གངྒཱའི་འགྲན་ན་སངས་རྒྱས་ཀྱི་ཁྲུས་ཀྱི་རྫིང་བུའི་རྩ་ན་མ་ཧེ་ཞལ་བའི་འོག་ན་ཙན་དན་གོར་ཤི་ཤའི་སྡོང་པོ་ཡོད་པ་དེ་བ་དཀར་མོའི་འོ་མས་འདག་པ་གྱིས་ལ། བུ་མ་གཙང་མ་བཞི་ལ་ཙན་དན་བརྡར་དུ་ཆུག་ལ་རྡོ་རྗེ་གདན་གྱི་སྟེང་ན་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་པའི་ས་ཡོད་པས། དེར་ཕྱི་མཆོད་རྟེན་ལ་ནང་སྤྱིལ་བོར་འདུག་པ་ཞིག་སོ་ཕག་ལ་རྩིགས་ལ་དེའི་ནང་དུ་སྤོས་ཀྱི་གོང་བུ་དེ་ཆུག་ལ་ཞོག་དང༌། ཟླ་བ་དྲུག་དང་ཞག་དྲུག་ན་ཁྱོད་ཀྱི་ལྷར་བྱོན་ནས་འོང་ཞིག་ཟེར་བས་བུས་ཀྱང་དེ་ལྟར་དུ་བྱས་པའི་ཚེ་ན། མ་ག་ཏའི་དེད་དཔོན་ཞིག་རྒྱ་མཚོར་ནོར་བུ་རིན་པོ་ཆེ་ལེན་དུ་འགྲོ་བ་ལ་ཕ་དེ་ན་རེ་ཁྱོད་ཀྱིས་མིས་མི་ཉོ་བའི་ཟོང་ཞིག་ཉོས་ཤིག་ཅིག་ཟེར་བས། མི་རྒན་གྱིས་ཟེར་བའི་གཏམ་ལ་གཏད་པ་ཡོད་དམ་སྙམ་ནས་ཡིད་ལ་བཞག་སྟེ་ནོར་བུ་བསླངས་ནས་ཡོང་བས། རྒྱ་མཚོའི་གཟིངས་ཡོད་པའི་ནང་དུ་སྔར་མེད་པའི་མི་སྔོ་སང་ངེ་བ་ཞིག་བྱུང་བས། ཚོང་པ་རྣམས་ན་རེ་འདི་ངན་པ་བྱེད་པ་ཞིག་ཡིན་ཟེར་ནས་ཐག་པས་བཅིངས་ཏེ་གསོད་རྩིས་བྱས་པ་དང༌། དེད་དཔོན་དེས་ཕའི་གཏམ་དེ་དྲན་ནས་འདི་སུས་ཀྱང་ཉོར་མི་བཏུབ་པའི་ཟོང་ཡིན་སྙམ་ནས་ཁོང་གི་རིན་པོ་ཆེའི་སྐལ་བ་དེ་གཞལ་ནས་མི་དེ་ཉོས་པས། མི་སྔོན་པོ་དེ་ཆུར་མཆོངས་ནས་སོང་བ་དང་རིན་པོ་ཆེ་མ་རྒད་མཐིང་ཀའི་མདོག་ཅན་བརྒྱད་གཞོག་བྱས་སྣ་ཐོ་གཉིས་སྒོ་ལྟར་ཟླུམ་པོར་ཡོད་པ་ཁྲུ་གང་ལག་ཏུ་ཐོགས་ཏེ། ང་གསོད་དུ་མ་བཅུག་པའི་བྱ་དགའ་འདི་འབུལ་ཟེར་ནས་དེད་དཔོན་ལ་ཕུལ་ལོ། །དེད་དཔོན་དགའ་དྲགས་ནས་འདི་དུམ་བུ་གཉིས་སུ་སོང་ན་བྲམ་ཟེ་ཙཀྲ་ས་མེའི་ལྷའི་སྤྱན་འབྲས་བྱེད་པ་ཡིན་སྙམ་མོ། །དེ་ཙ་ན་རྫིངས་ཀྱི་ཕྱིར་ཐོན་པ་དང་དེད་དཔོན་དེ་བརྡབ་ཕོགས་ཤིག་འཕྱོས་པས་རིན་པོ་ཆེ་དེ་ཆག་ནས་དུམ་བུ་གཉིས་སུ་སོང་ནས། བྲམ་ཟེ་ཙཀྲ་ས་མེ་ལ་ཕུལ་ལོ། །བྲམ་ཟེ་དེས་སོ་ཕག་གི་མཆོད་རྟེན་སྤྱིལ་བུའི་བུག་པ་ནས་ཕར་བཅུག་བཏང་ངོ༌། །དེ་ནས་ཟླ་བ་དྲུག་དང་ཞག་ལྔ་ན་བྲམ་ཟེའི་ཨ་མ་ན་རེ། བུ་ཁྱོད་ཀྱི་ལྷ་དེ་སངས་རྒྱས་དངོས་འདྲའམ་མི་འདྲ་ངས་བལྟའོ། །སོ་ཕག་ཁ་ཕྱེ་ཞིག་ཟེར་བས། ཨ་མ་ན་རེ་ནང་བར་ང་འཆི་བ་ཡིན་པས་ང་མིན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ཞལ་མཐོང་མཁན་མེད་པས། ངས་མ་བལྟས་ན་སངས་རྒྱས་དངོས་འདྲའམ་མི་འདྲ་མི་ཤེས་ཟེར་བས། དེ་ནས་བུས་སོ་ཕོག་སྒོ་ནས་ཨ་མ་རྒན་མོས་བུའི་ལྷ་དེ་སངས་རྒྱས་དངོས་འདྲའམ་མི་འདྲ་བལྟས་ནས་ཕྱིར་བྱུང་བ་ལ། བུ་དེས་ཨ་མ་ངའི་ལྷ་སངས་རྒྱས་ཤཱཀྱ་ཐུབ་པ་འདྲའམ་མི་འདྲ་བྱས་དྲིས་པས། ཨ་མ་ན་རེ་བུ་ཁྱོད་ཀྱི་ལྷ་དེ་སངས་རྒྱས་ཀྱི་དངོས་པོ་རྣམ་པ་བརྒྱད་ཀྱིས་མི་འདྲ་བར་འདུག་ཟེར་བས། བུ་ན་རེ་ཅི་ལྟར་དུ་མི་འདྲ་ཟེར་བས་ཨ་མ་ན་རེ། སངས་རྒྱས་ལ་དབུའི་གཙུག་ཏོར་བལྟར་མི་མངོན་པར་ཡོད་པ་ལ། འདི་ལ་དབུའི་གཙུག་ཏོར་ལྟར་མངོན་པར་འདུག སངས་རྒྱས་ལ་དབུ་སྐྲ་བུང་བ་ལྟར་གནག་པ་འདི་ལ་དབུ་སྐྲ་སྔོ་བར་འདུག །སྨིན་མཚམས་ཀྱི་མཛོད་སྤུས་འགྲོ་བ་མང་པོའི་དོན་མཛད་ནུས་པ་ཡོད་པ་ལ་འདི་ལ་མི་འདུག །གསུང་གི་ཆོས་ཀྱི་སྒྲས་འགྲོ་བ་མང་པོ་སོ་སོར་རང་རང་གི་སྐད་དུ་གོ་བར་ཡོད་པ་ལ་འདི་ལ་མི་འདུག །སྤྱོད་ལམ་རྣམ་པ་བཞིས་སེམས་ཅན་གྱི་དོན་མཛད་པར་ཡོད་པ་ལ་འདི་ལ་མི་འདུག །དད་པ་ཅན་གྱིས་ན་བཟའ་ཕུལ་ནས་གསོལ་ཙ་ན་སོར་བཞིས་སྐུ་ལ་མི་རེག་པར་འོང་བ་ལ་འདི་ལ་མི་འདུག །སྐུ་ལ་འོད་ཟེར་འདོམ་གང་ཡོད་པ་ལ་འདི་ལ་མི་འདུག །བྱིན་བརླབས་དང་ཡོན་ཏན་གཞན་ཐམས་ཅད་འདྲ་བར་འདུག་ཟེར་རོ། །ཡང་བུ་ན་རེ་ཨ་མ་དུས་ཕྱིས་ངའི་ལྷ་འདི་ལ་ཡོན་ཏན་ཇི་ལྟ་བུ་ཡོད་ཟེར་བ་ལ། མ་ན་རེ་བུ་ཁྱོད་ཀྱི་ལྷ་འདི་ལ་ཡོན་ཏན་དུས་ཕྱིས་འདི་ལྟར་ཡོང༌། །ཕྱི་པ་མུ་སྟེགས་པ་དང་ནང་པ་སངས་རྒྱས་པ་གཉིས་མཆོད་པའི་སྐུ་རྟེན་གང་བཟང་འགྲན་པའི་དུས་སུ་ནང་པས་ཕྱི་པའི་རྟེན་ལ་ཕྱག་མི་འཚལ་བ་ཡིན། ཕྱི་པ་མུ་སྟེགས་པས་ནང་པའི་རྟེན་ལ་ཕྱག་མི་འཚལ་བའི་དམ་བཅས་ནས་ཡོད་པ་ཡིན་པ་ལ། །བུ་ཁྱོད་ཀྱི་ལྷའི་སྐུ་རྟེན་འདི་མཐོང་བའི་དུས་སུ་མུ་སྟེགས་པ་རང་དབང་མེད་པར་ཕྱག་འཚལ་དགོས་པ་ཡིན། སྐུ་འདི་ལྟ་བས་ཆོག་མི་ཤེས་ཏེ་ཞལ་ལྟ་བའི་དུས་སུའང་ཟས་སྐོམ་ཡིད་ལ་མི་དྲན་པ་འོང༌། ཕྱིར་འོང་བའི་དུས་སུ་རྒྱབ་སྟོན་མི་ཕོད་པར་ཕྱིར་ནུར་བྱེད་དགོས་པ་འོང་ཟེར། དུས་ཕྱིས་ཀྱང་དེ་བཞིན་དུ་བྱུང་བ་ཡིན་སྐད། །བུ་ཆུང་ཤོས་བྲམ་ཟེ་ཙཀྲ་ས་མེའི་ལྷ་ནི་བྱང་ཆུབ་ཆེན་པོའི་རང་བྱོན་གོང་དུ་བཤད་པ་དེ་ཡིན་ནོ། །སྐུ་དེ་ད་ལྟ་རྒྱ་གར་རྡོ་རྗེ་གདན་ན་བཞུགས་ཡོད་དོ། །བུ་ཆེ་ཤོས་བྲམ་ཟེ་མ་ཧཱ་ས་མེའི་ལྷ་ནི་ཆོས་ཀྱི་འཁོར་ལོ་ཞེས་གྲགས་སོ། །སྐུ་དེ་ད་ལྟ་དཔལ་ན་ལེནྡ྄ར་ན་བཞུགས་ཡོད་དོ། །བུ་འབྲིང་པོ་བྲམ་ཟེ་བྷི་ས་མེའི་ལྷ་ནི། བྷི་ཧུ་ལུ་ཝིན་ཞེས་གྲགས་སོ། །སྐུ་དེ་ད་ལྟ་ཨོ་ཏན་པུ་རི་ན་བཞུགས་ཡོད་དོ། །བྲམ་ཟེ་མ་ཧཱ་ཆེན་པོ་དང་མ་རྒན་གཉིས་ལ་བུ་གསུམ་ཡོད་པ་ལས། བུ་ཆེ་ཤོས་མ་ཧཱ་ས་མེ་ཟེར། བུ་འབྲིང་པོ་བྷི་ས་མེ་ཟེར། བུ་ཆུང་ཤོས་ཙཀྲ་ས་མེ་ཟེར་རོ། །བུ་སྤུན་གསུམ་གྱིས་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་ཚབ་རེ་རེ་སྟེ་གསུམ་བཞེངས་ཏེ། གནས་རྡོ་རྗེ་གདན་དང༌། ན་ལེནྡ྄ར་དང༌། ཨོ་ཏན་ཏ་པུ་རི་དང་གསུམ་ན་བཞུགས་སོ། །མ་རྒན་མོ་དེ་ཤི་བ་དང་སྐུ་གདུང་རིང་བསྲེལ་འབའ་ཞིག་ཏུ་གྱུར་ཏོ། །སྤྲུལ་སྐུས་འདུལ་བའི་ལེའུ་སྟེ་གསུམ་པའོ།། །།
འབྲེལ་ཡོད་འོས་སྦྱོར།