logo

ཨེ་ཛིའི་ནད་ཀྱི་ཉེན་བརྡའི་ཟིན་ཐོ།

རྩོམ་པ་པོ།:དབང་ཆེན་ཚེ་རིང་གིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-27 ཀློག་གྲངས།:
       མི་ཕལ་བ་ཞིག་ལ་མཚོན་ན་མཉམ་དུ་ཟ་མ་བཟའ་བ་ནི་དེ་འདྲའི་རྒྱུན་ལྡན་ཞིག་ཡིན་མོད། མི་གཞན་དང་མཉམ་དུ་ཟ་མ་བཟའ་དུས་གཞན་གྱིས་ཕྱོགས་རེས་མི་བྱེད་པ་ནི་ཨེ་ཛིའི་ནད་པ་ཞིག་ལ་མཚོན་ན་ཆེས་ཡིད་སེམས་འགུལ་བ་དོན་ཞིག་རེད། ཁོ་ཚོ་དམའ་འབེབས་དང་ཕྱོགས་རེས་ལ་གདོང་གཏོད་པའི་ལྗིད་ཐག་ཐག་གི་རྒྱ་རྡོ་ལྟ་བུར་གྱུར་ཡོད་ལ། སྐྱོ་ཉམས་ཁྲོད་དུ་འུ་ཐུག་དང་འཁུ་བ་ཞིག་ཀྱང་མངོན་ཡོད།
“ངས་ང་རང་མི་མ་རེད་དམ་བསམ་བྱུང་།”
        མི་རྣམས་ཀྱིས་ཨེ་ཛིའི་ནད་པར་དམའ་འབེབས་བྱས་པ་དེ་ནད་པར་གནོད་རྐྱེན་ཚབས་ཆེན་ཐེབས་ཡོད་པ་རེད་ཅེས་བསམ་དུས། ཙི་ལེང་ཕྱིན་མྱོང་བའི་ལམ་བུ་དེ་ལས་དམའ་འབེབས་དང་དམའ་འབེབས་ལ་རྒོལ་བ་བར་གྱི་གདོང་ཐུག་གི་བརྒྱུད་རིམ་ཞིག་མངོན་ཡོང་། རང་དང་འདྲ་བའི་ནད་པ་མང་པོ་ཞིག་གི་རྒྱབ་སྐྱོར་བརྩོན་ལེན་བྱེད་ཆེད་ཙི་ལེང་གིས་རང་ཉིད་ཀྱི་ཐོབ་ཐང་དེ་ཁྲོམ་བསྒྲགས་བྱས་པ་ཡིན་ལ། བྱེད་ཐབས་ཁྱད་པར་བ་དེས་དམའ་འབེབས་ལ་འགྲན་སློང་བྱེད་པའི་ལམ་བུའི་སྟེང་བློ་སྤོབས་ཆེན་པོས་གོམ་པ་དང་པོ་སྤོས་པ་རེད། ཡིན་ནའང་། ནད་འགོས་ཡོད་མཁན་མང་པོ་ཞིག་ཐ་ན་གོམ་པ་གང་པོ་འདི་ཡང་སྤོས་ཡོད་པ་མ་རེད། རྒྱུ་མཚན་ནི་དམའ་འབེབས་ཀྱི་སྤྲིན་ནག་གིས་ད་དུང་སྔར་བཞིན་འཐིབས་ཡོད་པས་སོ།། 2000ལོར་ལུང་ཁུག་གི་སྡེ་བ་ཞིག་ལ་ཕྱིན་པ་ན། གསང་མིང་ལ་ཁྲུང་ཨེ་ཞེས་པའི་བུད་མེད་ཅིག་སེམས་ཤིན་ཏུ་སྐྱོ་པོར་བསྡད་འདུག
“དེའི་དུས་ངའི་སྣ་ངོས་ལ་སྐྲང་འབུར་ཧ་ཅང་ཆུང་ཆུང་ཞིག་བུད་མོད་དེའི་རྗེས་སུ་ཆེ་ནས་ཆེ་རུ་གྱུར་ཡོད་ཀྱང་ན་ཚ་གཏོང་གིན་མི་འདུག”
         ཁྲུང་ཨེ་ཡིས་དེ་ཅི་ཞིག་ཡིན་པ་མ་ཤེས་པར་ཕྱོགས་བཞིར་བརྩར་བཅད་པ་དང་། རྫོང་སྨན་ཁང་གི་སྨན་པས་ཁོ་མོ་པེ་ཅིན་ལ་བརྟག་དཔྱད་བྱེད་དུ་འགྲོ་བར་བསམ་འཆར་བཏོན།
       “སྔ་མ་མི་གཞན་གྱི་ཁ་ནས་ཨེ་ཛིའི་ནད་ཅེས་པ་དེ་གོ་ཐོས་ཡོད། ཨེ་ཛིའི་ནད་ཅེས་པ་དེ་དྲག་ཐབས་མེད་པས། བྱེ་ཐང་དུ་སྤྱུགས་ངེས་ཡིན། ང་ཚོ་སོང་རྗེས་སྡེ་བའི་ནང་དུ་ཁོ་མོའི་སྣ་བ་ཨེ་ཛིའི་ནད་ཕོག་ཡོད་པ་དང་། དེ་བྱེ་ཐང་དུ་བདས་ཏེ་ཁོ་ཚོ་ཕྱིར་ལོག་ཏུ་མ་འཇུག་ཅེས་གྲོས་མོལ་བྱས།”
      ཡིན་ནའང་ཁྲུང་ཨེ་བྱེ་ཐང་དུ་མ་སྤྱུགས་པར། ཁོ་མོ་པེ་ཅིན་དུ་ཡོང་སྟེ་ཨེ་ཛིའི་ནད་འགོས་ཡོད་པ་གཏན་ཁེལ་བྱུང་།གནས་ཚུལ་འདི་མགྱོགས་པོར་སྡེ་བ་གང་པོར་ཁྱབ་པ་དང་ཁོ་མོའི་འཚོ་བར་ཡང་འགྱུར་ལྡོག་ཆེན་པོ་བྱུང་།
“མི་གཞན་དག་ད་དུང་ཁྱོད་དང་མཉམ་པོར་འདུག་གམ། ཁྱོད་ལ་རྒྱང་གྱེད་ཀྱིན་ཡོད་དམ།”
“ཞེ་ལོག་ཟེར་ན་ང་ཕྱིར་ཡུལ་ལ་ལོག་ནས་ད་རག་བར་དུ་ངེད་ཚང་ལ་མི་གཅིག་ཀྱང་ཡོང་མ་མྱོང་། དམའ་འབེབས་ཆེན་པོ་བྱེད་ཀྱིན་ཡོད་པ་རེད། སྡེ་བའི་ནང་གི་རྟག་སྟོན་པོ་གང་ཡིན་ནའང་ང་ཚོར་བཤད་ཀི་མ་རེད།”
“ཚང་མ་ཁྱོད་བཙལ་བར་མི་ཡོང་བ་དང་ཡང་ན་ཁྱོད་ལ་བརྡ་མི་རྒྱག་གམ། ངོ་ཐུག་ན་སྐད་ཆ་བཤད་ཡོང་ངམ།”
“བཙལ་ཡོང་གི་མ་རེད། སྐད་ཆ་བཤད་དུས་ཀྱང་རྒྱང་གྱེད་ནས་བཤད་པ་ལས་ཉེ་སར་བཅར་མི་ཕོད།”
“དེ་ན་ཁྱོད་ཀྱི་བུ་ཆུང་བས་ད་ལྟ་ཅི་ཞིག་བྱེད་ཀྱིན་ཡོད།”
“བུ་ཆུང་ཡྰང་ཡུང་ན་ཡོད།”
“ཡྰང་ཡུང་ཁྱོད་ཚོ་འདི་དང་ཐག་རིང་པོ་ཡོད་དམ།”
“འདི་དང་ལེ་བར12ཡོད་པ་རེད།”
“ཅིའི་ཕྱིར་ཁོ་རང་ས་འདི་གའི་སློབ་གྲྭར་མ་བཏང་ངམ།”
        “བྱིས་པའི་སློབ་གྲོགས་ཚང་མས་ང་ལ་ནད་ཕོག་ཡོད་པ་ཤེས་པས། བུ་དང་མཉམ་པོར་འདུག་མཁན་དང་མཉམ་པོར་ཉལ་མཁན། མཉམ་པོར་འགྲོ་མཁན་ཡང་ཡོད་པ་མ་རེད། འདི་ལྟར་ཡྰང་ཡུང་ལ་བྲོས་པ་རེད། ཡྰང་ཡུང་ས་འདི་དང་ཐག་རིང་པས་ཁོ་ཚོས་ཤེས་ཀི་མ་རེད།”
        ཨེ་ཛིའི་ནད་འགོས་པ་ཡིན་ན། མི་ཞིག་གི་འཚོ་བའི་ཁྲོད་ཀྱི་ཡོད་ཚད་ཤོར་བ་དང་ཁྱད་མེད་ལ། དེ་མ་ཟད་ད་དུང་སྤྱི་ཚོགས་ཀྱི་མ་རངས་པའི་རྣམ་འགྱུར་དང་རྡུང་རྡེག་ཐེབས་ངེས། ཐ་ན་ཨེ་ཛིའི་ནད་དང་འབྲེལ་བ་ཡོད་པའི་དངོས་པོ་ཆ་ཚང་ལ་ཨེ་ཛིའི་དྲི་མ་ཞིག་ཡོད་པ་བཞིན་ཨེ་ཛིའི་ཚོད་མ་དང་ཨེ་ཛིའི་སྒོར་མོ། ཨེ་ཛིའི་ཐ་མག་སོགས་བྱུང་བ་རེད། 2001ལོའི་བརྟག་དཔྱད་མཇུག་འབྲས་ཤིག་ལས་གསལ་དོན། ཨེ་ཛིའི་ནད་འགོས་ཡོད་མཁན་མང་ཆེ་ཤོས་ཀྱིས་རང་ཉིད་ཀྱི་ཐོབ་ཐང་ཕྱིར་སྒྲོག་པར་མི་འཐད་ལ། ནད་པ32% ཐོབ་ཐང་ཕྱིར་བསྒྲགས་རྗེས92%ལ་བརྒལ་བའི་མིར་མཐའ་འཁོར་གྱི་མིས་རྒྱང་གྱེད་དང་དམའ་འབེབས་ཐེབས་ཡོང་།

འབྲེལ་ཡོད་འོས་སྦྱོར།