logo

རྒྱལ་རབས་དེབ་ཐེར་དཀར་བོའི་མཆན་འགྲེལ།

རྩོམ་པ་པོ།:མཁས་དབང་དགེ་འདུན་ཆོས་འཕེལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-28 ཀློག་གྲངས།:
  ༦༡ ཐང་ཡིག་ཏུ། རྒྱ་ནག་གོང་མ་ལའང་བེ་ཆུའི་རྒྱལ་བོ་ཞེས་བྲིས______དེ་ནི་རྒྱལ་བོ་བཀའི་ཐང་ ཡིག་ལས། བོད་དམག་ཤར་ཕྱོགས་རྒྱ་ནག་ཡུལ་དུ་ཕབཿ རྒྱ་ནག་བེ་ཆུའི་རྒྱལ་བོ་ཆེན་པོ་ཡིསཿ རང་གི་ཆབ་སྲིད་མངའ་ཐང་བོད་ལ་ཕུལཿ དར་ཟབ་ལྔ་དོས་རིན་ཆེན་མང་བོ་དང་ཿ ཁ་ཟས་གཅེས་པ་དུས་ལས་མ་འདས་ཕུལཿ ཞེས་གསུངས་སོ། །
  ༦༢ མཛོ་མོའི་མཁར______འདི་ནི་ད་སྐབས་མཚོ་སྔོན་གྱི་ཁོངས་སུ་གཏོགས་པའི་ས་གནས་ ཤིག་ཏེ། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གནས་འདིར་ཞི་བར་གཤེགས་ཤིང་སྐུ་གདུང་ཡང་དེར་ བཞུགས་ཚུལ་བོད་རྒྱ་ཚིག་མཛོད་དུ་གསལ།
  ༦༣ མཁར་སྔོན______ད་ལྟ་ནང་སོག་རང་སྐྱོང་ལྗོངས་ཁོངས་སུ་ཡོད་པའི་གནའ་རབས་ཀྱི་ གྲོང་ཁྱེར་ཞིག་གི་མིང་སྟེ། རྒྱ་སྐད་ཀྱིས(呼和洁特)ཟེར་གྱིན་པ་དེའོ། །ནང་སོག་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ལྟེ་བ་དང་ཚོང་ལས་ཧ་ཅང་དར་བའི་གནས་ཤིག་ཡིན།
  ༦༤ རིན་སྤུངས་པ______བོད་རྒྱལ་ཞེ་གཉིས་པ་འུ་དུམ་བཙན་པོ་བཀྲོངས་རྗེས་སྲས་ཡུམ་ བརྟན་དང་འོད་སྲུང་གཉིས་ཀྱིས་དབུ་རུ་དང་གཡོ་རུ་བཟུང་སྟེ་ནང་འཁྲུགས་ཤིང་རིམ་ གྱིས་འབངས་གྱེན་ལོག་བྱས་ཚུལ་གོང་དུ་བཤད་ཟིན་པ་ལྟར་ཡིན་ལ། དེ་ནས་དུས་ཡུན་རིང་བོའི་བར་ལ་ས་གནས་དང་སྡེ་ཁག་རིས་བཅད་ཀྱིས་གནས་པས་བོད་ཀྱི་ ལོ་རྒྱུས་རྣམས་སུ་དེ་ལ་རྒྱལ་ཕྲན་སིལ་མའམ་བོད་སིལ་བུའི་དུས་ཞེས་བརྗོད་དོ། །བོད་སིལ་བུའི་དུས་སྐབས་དེར་ལྷ་སའི་རྒྱལ་རྒྱུད་དང་། ཡར་ཀླུང་རྒྱལ་རྒྱུད།  མངའ་རིས་རྒྱལ་རྒྱུད། ཙོང་ཁའི་རྒྱལ་རྒྱུད་བཅས་རྒྱལ་ཕྲན་སིལ་མའི་རྣམ་པ་མང་དུ་བྱུང་། དེ་རྗེས་ཕལ་ཆེར་བོད་ཁམས་ཡོངས་ལ་དབང་བསྒྱུར་བའི་ས་སྐྱ་བ་དང་། ཕག་གྲུ་བ། རིན་སྤུངས་པ་སོགས་བྱུང་བ་ཡིན་ཏེ། བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ལས། རིན་སྤུངས་པའི་མི་རྒྱུད་ནི། བོད་ཀྱི་རྒྱལ་བོ་ཤ་ཁྲི་བཙན་པོའི་དུས། མ་སངས་ལ་ཁར་ཁྱེའུ་མཚན་དང་ལྡན་པ་ཞིག་བྱུང་བ་ལ་སྒེར་དཔལ་ལེགས་འོད་ཟེར་ཞིང་། དེ་ནས་བཟུང་སྟེ་ཕྱི་སྒེར། ནང་སྒེར། གྲུབ་ཐོབ་ཀྱི་སྒེར་ཟེར་བའི་མི་རྒྱུད་གསུམ་བྱུང་། དེ་གསུམ་གྱི་རྒྱུད་པ་ལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བློན་པོ་བྱུང་ལ། དེ་དག་གི་རྒྱུད་ལས་སྒེར་ཤཱཀྱ་འབུམ། ཞེས་གསུངས་པ་ལྟར་སྲོང་བཙན་སྒམ་པོའི་ནང་བློན་སྒེར་རལ་བ་འཛིན་གྱི་རྒྱུད་ལས་ བློ་གྲོས་ཀྱི་རྩལ་དང་ལྡན་པ་ཟླ་བ་རྒྱལ་མཚན་བྱ་བ་ཞིག་བྱུང་བ་དེས་མངའ་བདག་ཁྲི་ སྲོང་ལྡེ་བཙན་གྱི་ཆོས་བློན་མཛད། དེ་ནས་མི་རབས་ཉི་ཤུ་སོང་བའི་མཐར་སྒེར་ཤཱཀྱ་འབུམ་བྱོན་པ་ཡིན་འདུག་གོ། །
      རིན་སྤུངས་པ་ཞེས་པ་ནི་སའི་དབྱིབས་རིན་པོ་ཆེ་སྤུངས་པ་དང་ཆ་འདྲ་བའི་ཡུལ་དེར་ ཆགས་པའི་སྡེ་བ་ལ་རིན་སྤུངས་སྡེ་བ་དང་། ཡུལ་དེའི་རྫོང་ལ་རིན་སྤུངས་རྫོང་ཞེས་ཟེར། ཕག་གྲུ་སྡེ་སྲིད་ངག་དབང་གྲགས་པ་རྒྱལ་མཚན་གྱིས་སྒེར་ཤཱཀྱ་འབུམ་གྱི་སྲས་ནམ་ མཁའ་རྒྱལ་མཚན་རིན་སྤུངས་རྫོང་གི་རྫོང་དཔོན་ལ་བསྐོས་པར་མ་ཟད་མི་རྒྱུད་ཐམས་ ཅད་གནས་དེར་གཏན་སྡོད་བྱེད་ཆོག་པའི་ཤེལ་དམ་སོགས་གནང་བ་ནས་དེའི་མི་རྒྱུད་ལ་ རིན་སྤུངས་པ་ཞེས་ཐོགས་སོ། །རིམ་གྱིས་རིན་སྤུངས་པར་སྟོབས་ཤུགས་ཆེར་རྒྱས་ཏེ་མི་རབས་ལྔ་དྲུག་ཤིག་ལ་དབང་ བསྒྱུར་ཀྱང་། རྗེས་སུ་མཁས་པ་ཆེན་པོ་རིན་སྤུངས་པ་ངག་དབང་འཇིག་རྟེན་གྲགས་པའི་སྐབས་ཉམས་ རྒུད་དུ་གྱུར་ཏོ། །
  ༦༥ སྣེའུ་གདོང______འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་ཅུང་སྐད་གྲགས་ཆེ་བའི་ཕོ་བྲང་ ཞིག་སྟེ། ཐོག་མར་འབྲི་གུང་སྒོམ་པ་རྡོ་རྗེ་དཔལ་གྱིས་ཁྲི་དཔོན་བྱེད་སྐབས་བརྩིགས་པའི་ གཞིས་ཀ་ཡིན་ལ། རྗེས་སུ་སྡེ་བ་ཕག་གྲུ་བ་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཁྲི་དཔོན་བྱས་ རྗེས་རྒྱ་བསྐྱེད་དེ་ཕག་གྲུ་རིམ་བྱོན་གྱི་ཕོ་བྲང་གི་ལྟེ་བར་གྱུར། ད་ལྟའི་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱི་སྣེ་གདོང་རྫོང་ཞེས་ཡར་ཀླུང་གཙང་ བོ་དང་ཡར་ལྷ་ཤམ་པོའི་ཆུ་གཉིས་འཛོམས་སར་ཡོད། གཞིས་ཀ་དེར་བཞུགས་ཀྱི་ཁྲི་དཔོན་སོགས་ལ་སྣེའུ་གདོང་བ་ཞེས་ཟེར་ཏེ་དབང་ཤུགས་ ཆེས་ཆེར་རྒྱས་མྱོང་བ་ཞིག་གོ། །
  ༦༦ གཙང་བ______འདི་ནི་གཙང་སྟོད་སྡེ་བའམ་གཙང་བ་རྒྱལ་བོ་རིམ་བྱོན་ལ་གོ་དགོས་ཏེ། གཙང་རྒྱལ་གྱི་ཐོག་མ་ནི་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ཡིན་ལ། ཁོ་རང་རིན་སྤུངས་པའི་གཉེན་ཚན་ཏུ་གཏོགས་ཤིང་དེའི་ཞབས་འབྲིང་དང་ཆིབས་དཔོན། ཁྲལ་སྡུད་དཔོན་པོ། བསམ་འགྲུབ་རྩེའི་རྫོང་དཔོན་རྣམས་སུ་རིམ་པར་བསྡད་རྗེས་རིན་སྤུངས་པ་ངག་དབང་ འཇིག་རྟེན་གྲགས་པའི་གཅེན་༼ལོ་རྒྱུས་ལ་ལར་བུ་ཡིན་པར་བཤད། ༽པད་མ་དཀར་བོ་བགྲོངས་ཤིང་ངོ་ལོག་བྱས་པས་དམག་འཁྲུག་ཆེན་པོ་བྱུང་བ་ལ་ལོ་ རྒྱུས་ཐོག་རིན་སྤུངས་དམེ་ཁྲག་གི་ལོ་ཞེས་ཟེར། རིམ་གྱིས་གཙང་བ་བར་སྟོབས་ཤུགས་རྒྱས་ཏེ་བོད་ཁམས་ཡོངས་ཀྱི་རྒྱལ་བོ་ལྟ་བུར་ གྱུར། མི་རབས་གསུམ་ཙམ་ལ་དབང་བསྒྱུར་རྗེས་སྤྱི་ལོ་༡༦༤༢ལོར་སོག་དམག་གིས་ཕམ་པར་བཏང་ སྟེ་བོད་ཡོངས་ཀྱི་སྲིད་དབང་དགའ་ལྡན་ཕོ་བྲང་བའི་ལག་ཏུ་ཐོབ་པོ། །
  ༦༧ རེབ་གོང་ཡུལ་དུ་རྒྱལ་བོ་བློན་ཆེ་བཙན་མོ་བྱ་བའི་སྡེ་གསུམ______སྡེ་གསུམ་པོ་ འདི་ད་ལྟའང་ཡོད་དེ། མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རེབ་གོང་རྫོང་ཁོངས་སུ་རྒྱལ་བོ་ ཞང་དང་། བློན་ཆེན་ཞང་། བཙན་མོ་ཞང་གསུམ་དུ་ཕྱེས་འདུག་གོ། །
  ༦༨ སོ་བློན______གསེར་ཐང་ལས། དེ་བཞིན་ནང་སོ་བྱ་བ་འདི་ཡང་བོད་ཀྱི་གོ་གནས་དང་བོད་ཚིག་སྟེ། སྔོན་དུས་སུ་ཕྱིའི་སོ་ཁའམ་ས་མཚམས་བསྲུང་བའི་དོན་དུ། མེལ་ཚེ་བྱེད་པའི་སོ་བ་འཇོག་པ་ཡིན་ལ། དེ་ཡང་ཕྱིའི་དགྲ་ལ་ཟོན་བྱེད་མཁན་གཅིག་དང་། བོད་སྡེ་རང་གི་ནང་དུ་སོ་བྱེད་མཁན་གཅིག་སྟེ། ཕྱི་སོ་དང་ནང་སོ་བྱ་བའི་བློན་པོ་གཉིས་འཇོག་པ་ལ་སོ་བློན་ཞེས་ཀྱང་བྲིས་ལ། བར་འགའ་ཕན་ཚུན་གྱི་སོའི་བློན་པོས་གནོད་པ་རྡུལ་གྱིས་ཉེན་པའི་སོགས་ལྷ་སའི་ རྡོ་རིང་ལ་ཡང་ཡོད། ལི་ཡུལ་མཐོང་ཁྱབ་ཏུ་ཡང་སོ་བློན་སྡེ་ལྔ་བཞག་ཅེས་བྱུང་། ཞེས་གསུངས་སོ། །
  ༦༩ ཕོ་ཉ______རྒྱལ་ཁབ་དང་རྒྱལ་ཁབ་བར། སྡེ་བ་དང་སྡེ་བའི་བར་སོགས་ལ་ངག་འཕྲིན་ནམ་ཡིག་འཕྲིན་སྐྱེལ་མཁན་གྱི་མིང་སྟེ། བང་ཆེན། ཉན་རྣ། གཏམ་སྐྱེལ།  འཕྲིན་སྐྱེལ། འཕྲིན་ཁྱེར། བྱ་མ་རྟ་བཅས་ནི་ཕོ་ཉའི་མིང་གི་རྣམ་གྲངས་སོ། །
  ༧༠ མངའ་བདག་རལ་བ་ཅན______བོད་བཙན་པོའི་རྒྱལ་རབས་བཞི་བཅུ་བ་སད་ན་ལེགས་འཇིང་ཡོན་ དང་ཡུམ་འབྲོ་བཟའ་ལྷ་རྒྱལ་མ་གཉིས་ལ་སྲས་ལྔ་འཁྲུངས་པ་ལས་གཙང་མ་རབ་ཏུ་བྱུང་ ཞིང་ལྷ་རྗེ་དང་ལྷུན་གྲུབ་གཉིས་ཆུང་དུས་ནས་འདས།  ཁྲི་གཙུག་ལྡེ་བཙན་ནམ་རལ་བ་ཅན་ནི་མེ་ཁྱི་ལོར་༼སྤྱི་ལོ་866ལོ་ཚིགས་འདི་ཀུན་ དགའི་མེ་ལོང་གཞིར་བཞག་པ་ཡིན། ༽འཁྲུངས། ཁོང་ལྷ་སྲས་དར་མ་ལས་ལོ་ན་གསུམ་གྱིས་ཆུང་ཡང་བློན་པོ་ཉམས་མྱོང་ཅན་རྣམས་ཀྱིས་ བཀའ་བགྲོས་ཏེ་ཐོག་མར་རྒྱལ་སར་བསྐོས། བྲན་ཁ་དཔལ་ཡོན་སོགས་ཀྱིས་བློན་པོ་བྱས་ཤིང་བཙུན་མོ་དཔལ་གྱི་ངང་ཚུལ་ཁབ་ཏུ་ བཞེས། ཁོང་ལ་རིགས་སྲས་ཡོད་པའི་ལོ་རྒྱུས་མི་གསལ། འུ་ཤིང་རྡོའི་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་གསར་དུ་བཞེངས། ལོ་པཎ་མང་བོ་སྤྱན་དྲངས་ཏེ་མདོ་རྒྱུད་བསྟན་བཅོས་དུ་མ་བསྒྱུར་ཏུ་བཅུག  སྔར་བསྒྱུར་བ་རྣམས་ལ་དག་བཅོས་དང་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ། བྱེ་བྲག་རྟོག་བྱེད་ཆེ་འབྲིང་ཆུང་གསུམ་ཡང་རྒྱལ་བོ་འདིའི་སྐུ་རིང་ལ་མཛད། འབྲིང་བ་ལ་སྒྲ་སྦྱོར་བམ་གཉིས་ཡང་ཟེར། སྐད་གསར་བཅད་དང་། འདུལ་བ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ལས་སྡེ་བ་གཞན་གྱི་འདུལ་བ་མི་བསྒྱུར་ བ། གསང་སྔགས་མ་རྒྱུད་རྣམས་མི་བསྒྱུར་བ་བཅས་ཀྱི་བཀས་བཅད་རིམ་པ་གསུམ་མཛད། རང་གི་རལ་བའི་སྣེ་ལ་དར་ཡུག་བཏགས་ནས་སྟེང་དུ་དགེ་འདུན་པ་བཞུགས་སུ་གསོལ་བ་ སོགས་དཀོན་མཆོག་ལ་གུས་འདུད་ལྷུར་བླངས། དགེ་འདུན་པ་རེ་ལ་མི་ཁྱིམ་བདུན་རེ་ཕུལ་ཚུལ་སོགས་ནི། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། སྒོམ་གྲྭ་བཤད་གྲྭ་འདུལ་གྲྭ་བཅུ་གསུམ་བཙུགས། །རྒྱལ་བོའི་དབུ་རལ་ཚན་གཉིས་བྱས་པ་ལ། །དར་ཡུག་བཏགས་ཏེ་གཡས་གཡོན་བཏིང་བའི་སྟེང་། །དགེ་འདུན་བཞུགས་པ་དབུ་སྡེ་གཉིས་ཞེས་གྲགས། །ཐུགས་དམ་རྟེན་དུ་ལྷ་ཁང་འུ་ཤིང་རྡོ། །དཔེ་མེད་བཀྲ་ཤིས་དགེ་འཕེལ་གཙུག་ལག་ཁང་། ། གཙང་ཁང་དགུ་ཐོག་བྱ་འདབ་དགུ་ཡིས་མཛད། །འཛམ་གླིང་ཙམ་ན་འགྲན་ཟླ་བྲལ་བ་བཞེངས། །ལུགས་གཉིས་བཀའ་ཁྲིམས་ཆོས་བཞིན་གཏན་ལ་ཕབ། །དགེ་བཅུའི་ཁྲིམས་དམ་སྡིག་སྤྱོད་མིང་མི་གྲགས། །ཞེས་གསུངས་པ་ལྟར་རོ། །
       ཆོས་རྒྱལ་འདིའི་སྐུ་རིང་ལའང་རྒྱ་བོད་མ་མཐུན་པས་བོད་དམག་ཁྲི་ཚོ་མང་བོ་རྒྱ་ ཡུལ་དུ་དྲངས་ཏེ་རྒྱ་མཁར་མང་བོ་བཅོམ། རེས་འགར་བོད་ཕྱོགས་ཕམ། མཐར་རྒྱ་བོད་བཙུན་པ་རྣམས་ཀྱིས་བར་འདུམ་མཛད་ཅིང་ས་མཚམས་གཏན་ཁེལ་གྱིས་གུང་གུ་ རྨེ་རུ་དང་། ལྷ་ས། ༼ལྷ་སའི་རྡོ་རིང་ད་སྐབས་ཀྱང་ལྷ་ལྡན་གཙུག་ལག་ཁང་གི་མདུན་ན་ཡོད། ༽རྒྱའི་ཕོ་བྲང་གསུམ་གར་དེ་ལུགས་ཀྱི་རྡོ་རིང་བཙུགས། ལོ་རྒྱུས་སྟེང་དེ་ལ་བོད་ཐང་མཇལ་འདུམ་ཟེར། མཐར་བློན་པོ་འགའ་ཞིག་གི་སེམས་རྒྱུད་ཕྲག་དོག་གིས་དཀྲུགས་ཏེ། བློན་ཆེན་མོ་བྲན་ཁ་དཔལ་ཡོན་དང་བཙུན་མོ་དཔལ་གྱི་ངང་ཚུལ་གཉིས་ཐབས་ཀྱིས་བཀུམ། བཙན་པོ་ཁྲི་རལ་དགུང་གྲངས་སོ་དྲུག་གི་སྟེང་༼སྤྱི་ལོ་901༽ཕོ་བྲང་མ་ཞར་ཉི་མ་ལ་ བཞུགས་སྐབས། དབས་ཏོ་རེ་དང་ཅོག་རོ་ལེགས་སྒྲ་ཟེར་བ་གཉིས་གསང་སྟབས་སུ་འོངས་ནས་ཞལ་ལྟག་པར་ བསྒྱུར་ཏེ་བཀྲོངས། བང་སོ་དོན་མཁར་མདའི་གཡོན་ཕྱོགས་སུ་བརྩིགས་སོ། །
  ༧༡ སྲོང་བཙན་གྱིས་དར་དམར་བོའི་ཐོད་བཞེས་པ______ཐོད་ནི་ལ་ཐོད་ཅེས་པའི་བསྡུས་ ཚིག་སྟེ་ཐོད་ཆིངས་ཀྱང་ཟེར། རས་ལེབ་མོ་ཞེང་ཅུང་ཆེ་བ་ཞིག་གིས་མགོ་དཀྲིས་བྱས་པའི་དོན་ནོ། །དེ་ཡང་བོད་ས་གནས་ཀྱི་ལྡེབས་བྲིས་མང་ཆེ་བར་རྒྱལ་བོ་སྲོང་བཙན་སྒམ་པོའི་དབུ་ ལ་བཞེས་པའི་ཐོད་ཆིངས་ནི་དཀར་བོ་ཡིན་ལ། པོ་ཏ་ལའི་ཕོ་བྲང་དམར་བོའི་ཆོས་རྒྱལ་སྒྲུབ་ཕུག་གི་ནང་དུ་བཞུགས་པའི་སྲོང་བཙན་ སྒམ་པོའི་འདྲ་སྐུ་དེར་ཐོད་ཆིངས་དམར་བོ་བྱས་ཡོད། ཐོད་ཆིངས་ཀྱི་མདོག་དཀར་དམར་གཉིས་ལ་རྒྱུ་མཚན་དང་བཤད་པ་རེ་ཡོད་སྲིད་ཀྱང་ཁུངས་ ཐུབ་ཀྱི་དཔེ་ཆ་མ་མཐོང་། ད་ལྟའང་དབུས་གཙང་གི་དགོན་སྡེ་ཁ་ཤས་དང་ཁྱད་པར་དུ་ཡུམ་བུ་བླ་སྒང་གི་ནང་དུ་ རྗེ་གཉའ་ཁྲི་བཙན་པོ་དང་། ལྷ་ཐོ་ཐོ་རི་གཉན་བཙན། སྲོང་བཙན་སྒམ་པོ། ཁྲི་སྲོང་ལྡེ་བཙན། ཁྲི་རལ་བ་ཅན། མངའ་བདག་འོད་སྲུང་། མགར་སྟོང་བཙན། ཐུ་མི་སམ་བྷོ་ཊ་རྣམས་ཀྱི་སྐུ་བརྙན་རེ་བཞེངས་འདུག་པ་ཚང་མའི་དབུར་ནང་དུ་རས་ དམར་བོ་ལྟེབ་བརྩེགས་ཅན་དང་དེའི་ཕྱི་རུ་དར་དཀར་བོས་དཀྲིས་པ་ཤ་སྟག་ཏུ་འདུག  འོན་ཀྱང་རྒྱལ་བློན་གཉིས་ཀྱི་ལ་ཐོད་དཀྲི་སྟངས་ལ་ཁྱད་པར་རེ་ཡོད།
      གསེར་ཐང་ལས། དེ་དུས་རྗེ་བློན་རྣམས་ཕལ་ཆེར་ཏ་ཟིག་གི་སྲོལ་གནང་གི་ཡོད་ཚོད་དུ་འདུག་ཅིང་། དབུ་ལ་དར་ཐོད་ཡོད། དེ་ཡང་རྒྱ་གར་བ་བཞིན་འཁོར་རྒྱ་ཆེ་བར་མི་དཀྲི་ཞིང་། ཏ་ཟིག་པ་བཞིན་རྩེ་རིང་ལ་མཐོ་བར་དཀྲི། སྲོང་བཙན་གྱིས་ལེ་བརྒན་༼འབུའི་སྐུད་པ་ལས་འཐག་པའི་གོས་ཆེན་ཞིག་ཡིན་ཞེས་མཁས་ དབང་དུང་དཀར་ཚང་གིས་གསུངས།༽དར་དམར་བོ་དབུ་ལ་དཀྲིས་པར་བཤད་པ་དེ་ཡང་སྔོན་གྱི་ ཏ་ཟིག་རྣམས་བྱེད། ཅེས་གསུངས་སོ། །
  ༧༢ ཟ་འོག་གི་བེར་དང་ཕྱགས་ལྷམ་སྣེ་འཁྱིལ______དར་སྐུད་སྣ་ལྔ་དང་གསེར་སྐུད་སོགས་ བསྲེས་ནས་བཏགས་པའི་གོས་ཆེན་ཞིག་ལ་ཟ་འོག་ཟེར་ཞིང་། གོས་ཆེན་དེས་བཟོས་པའི་ཟླ་གམ་ལྟར་གྱོན་ཆོག་པའི་ལྭ་བ་རིང་བོ་ཞིག་ལ་ཟ་འོག་གི་ བེར་ཟེར་བར་སྣང་། བེར་དང་བེམ་གཉིས་མི་གཅིག  ཟ་འོག་གི་གོས་གྱོན་པ་འདི་དེབ་དཀར་མཁན་པོའི་དགོངས་པ་བཞིན་མཐའ་གཅིག་ཏུ་ཏ་ཟིག་ པའི་སྲོལ་ཡིན་ཞེས་བཤད་དཀའ་སྟེ། རྒྱ་བཟའ་ཀོང་ཇོ་བོད་ལ་ཕེབས་ཁར་རྒྱ་ནག་རྒྱལ་བོའི་གསུང་རྒྱལ་རབས་གསལ་བའི་མེ་ ལོང་དུ་བཀོད་པ་ལས། ཟ་འོག་སྟན་ཐུལ་སེང་གེ་བྱ་བརྒྱད་མ། །ལྗོན་ཤིང་ཆོ་ལོ་ནོར་བུ་རིས་སུ་བྲིས། །རྒྱལ་བོ་ངོ་མཚར་སྐྱེ་ཕྱིར་ཁྱོད་ལ་བརྫངས། །ཞེས་འབྱུང་བ་ལྟར་ཟ་འོག་གི་གོས་མང་བོ་བོད་དུ་འབྱོར་བས་སྲོང་བཙན་སྒམ་པོའི་ སྐུ་རིང་ནས་ཟ་འོག་གི་བེར་གྱོན་སྲོལ་དར་བ་མིན་ནམ་སྙམ། གསེར་ཐང་དུའང་། གནམ་རི་སྲོང་བཙན་ཡན་ཆོད་དུ་རང་རེའི་ཡུལ་འདིར་རྒྱལ་ཁབ་གཞན་གྱི་ཚོང་འགྲུལ་ སོགས་ཀྱང་མེད་པར་ངེས་ལ། རང་མིས་ཀྱང་འཐག་ལེགས་པོ་མི་ཤེས་པས་ཕལ་ཆེར་རང་བྱུང་གི་སློག་པ་མནབས་ཡོད་པར་ སེམས། རྒྱའི་གཏམ་རྒྱུད་ཅིག་ནའང་བོད་རྗེས་སློག་པ་གྱོན་པ་སོགས་ཡོད་སྐད། ཅེས་དང་། རྒྱ་མཁར་ཆེན་པོ་བཅོམ་ནས་དར་འབྱེད་བཏང་བའང་ལོ་རྒྱུས་སུ་གསལ་ཞེས་གསུངས། ཏུན་ཧོང་གཏེར་ཡིག་ཏུའང་སྲོང་བཙན་ཡན་ཆོད་དུ་བོད་ཀྱི་རྒྱལ་བོ་ཚོས་སློག་པ་ གྱོན་པར་བཤད་དོ། །
     ཕྱགས་ལྷམ་ནི་ལྷམ་གྱི་ཞེ་སའི་མིང་ཡིན་པར་བཤད་པ་ལས་རྒྱུ་མཚན་སོགས་མ་ངེས། ཕལ་ཆེར་རྒྱ་གར་ནས་བསྒྱུར་བའི་བསྟན་བཅོས་ཀྱི་ཐ་སྙད་ཅིག་ཡིན་ཚོད་འདུག  སྣེ་འཁྱིལ་བ་ནི་ད་ལྟའི་བྲོ་གར་བ་སོགས་སྒྱུ་རྩལ་བ་རེ་འགས་གྱོན་བཞིན་པའི་ལྷམ་ དང་དབྱིབས་འདྲ་ཞིག་ཡིན་འདུག་ལ། འདི་ཡང་ཏ་ཟིག་པ་ཁོ་ནའི་ལུགས་ཡིན་ཞེས་བཤད་དཀའ་སྟེ། ཤིན་ཅང་སོགས་མི་རིགས་གཞན་པ་ལའང་ལྷམ་དབྱིབས་དེ་འདྲ་གྱོན་མཁན་ཡོད་ལ། བོད་རིགས་འབྲོག་པའི་ལག་རྩལ་ལས་ཐོན་པའི་ལྷམ་དེ་འདྲ་ད་ལྟའང་ཡོད་དེ། ཁོ་ཚོས་དེ་ནི་བོད་མི་རིགས་ཀྱི་ཁྱད་ཆོས་གཙང་མ་ཞིག་ཏུའང་བརྩིའོ། །དེ་ཡང་སྔོན་ཏ་ཟིག་པར་དཔེ་བྱས་པ་ཡིན་ཚུལ་སྨྲ་ན་ནི་དེ་ག་རང་དུ་ཟད་དོ། །
  ༧༣ བཙན______བཙན་ནི་མི་མ་ཡིན་གྱི་བྱེ་བྲག་གདུག་རྩུབ་ཧ་ཅང་ཆེ་བ་ཞིག་སྟེ། ཁོ་ལ་རང་གི་ཐུན་མིན་གྱི་རྒྱུ་ལམ་ཡོད་པས་ཁང་བ་སོགས་ཀྱིས་ལམ་བཀག་ན་བཙན་མདའ་ ཕོག་པ་སོགས་མི་ལ་གནོད་པ་དྲག་པོ་བྱེད་སྲིད་པས་བཙན་མདོས་དང་བཙན་མཆོད་སོགས་ འདོན་སྲོལ་ཡོད། དེ་ལ་བཙན་རྒོད་འབར་བ་སྤུན་བདུན་དང་། བཙན་རྒོད་ཡམ་ཤུད་དམར་བོ། བཙན་རོལ་བ་སྐྱ་བདུན་སོགས་ཆེས་མང་བོ་ཞིག་ཡོད་པར་བཤད་དོ། །
  ༧༤  རྒྱལ་བོ______སྐབས་འདིར་དཀོར་བདག་དང་ཆོས་སྐྱོང་གི་རྣམ་པར་རོལ་བའི་རྒྱལ་བོ་སྐུ་ལྔ་ལྟ་བུ་སོགས་ལ་གོ་དགོས་སོ། །
  ༧༥ ཞང་བློན______སྐབས་འདིར་དགོན་སྡེ་ཡུལ་ཕྱོགས་རེ་འགས་བཀུར་ཅིང་མཆོད་པའི་བསྟན་ སྲུང་གི་རིགས་ཤིག་ལ་གོ་དགོས་ཀྱང་། སྤྱིར་ཞང་བློན་ཟེར་བ་སྔར་བོད་བཙན་པོའི་དུས་སུ་རྒྱལ་བོའི་མ་ཕྱོགས་ཀྱི་གཉེན་ ཚན་ནང་ནས་བསྐོས་པའི་བློན་པོ་ལ་གོ་ཞིང་། སྲོང་བཙན་སྒམ་པོ་ནས་ཁྲི་རལ་བ་ཅན་གྱི་བར་ཏུ་བྱུང་བའི་བློན་ཆེན་གྱི་ནང་ཞང་ བློན་མང་དུ་བྱུང་བར་མ་ཟད་དབང་ཤུགས་ཀྱང་ཆེ་ཚུལ་སོགས་ལོ་རྒྱུས་དེབ་ཐེར་དང་ བཀའ་གཙིགས། རྡོ་རིང་གི་ཡི་གེ་སོགས་སུ་གསལ་བ་ལྟར་རོ། །
  ༧༦ བཙན་ཞྭ______གསེར་ཐང་ལས། དབུས་གཙང་དུ་ལྷ་བ་རྣམས་ཀྱིས་གྱོན་རྒྱུ་བཙན་ཞྭ་བྱ་བའི་ཞྭ་ཁུག་མའི་དབྱིབས་སམ་ མདའ་ཤུབས་ལྟ་བུའི་རིང་བོ་ཞིག་འདུག་ཅེས་གསུངས་ཏེ། ད་ལྟའང་ཨ་མདོའི་ཕྱོགས་སུ་དུས་ཆེན་སོགས་ཀྱི་ཚེ་ཞྭ་དབྱིབས་དེ་འདྲ་གྱོན་མཁན་ ཤིན་ཏུ་མང་ངོ་། །
  ༧༧ མུ་ཏིག་བཙན་པོ______ཁོང་ནི་བོད་ཀྱི་རྒྱལ་རབས་ཞེ་གཉིས་པོའི་གྲས་མིན་ཏེ། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སོགས་ལོ་རྒྱུས་རེ་འགར་ཁྲི་སྲོང་ལྡེ་བཙན་གྱི་ སྲས་འབྲིང་བ་མུ་ཏིག་བཙན་པོ་ཡིན་པ་དང་། མུ་ཏིག་བཙན་པོ་དང་སད་ན་ལེགས་མཇིང་ཡོན་གཅིག་ཏུ་བཤད་པ་ནི། རྒྱལ་བོ་བཀའི་ཐང་ཡིག་ལ་བརྟེན་པ་ཡིན་ལ། ༼རྒྱལ་བོ་བཀའི་ཐང་ཡིག་དང་གསེར་སྡོང་དཀར་ཆག་ཏུ། མུ་ཏིག་བཙན་པོ་དང་། ཁྲི་ལྡེ་སྲོང་བཙན། སད་ན་ལེགས་མཇིང་ཡོན། མུ་རི་བཙན་པོ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུར་རྒྱལ་བུ་གཅིག་ལ་མཚན་ བཞི་བྱུང་ཚུལ་གསུངས། ༽ཐང་ཡིག་ལ་ནོར་འཁྲུལ་མང་བ་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་གསུངས་པར་མ་ཟད། གསེར་ཐང་དུ་ཐང་ཡིག་གི་ལུང་དེ་དྲངས་པའི་མཇུག་ཏུའང་། ཐང་ཡིག་སྡེ་ལྔར་གྲགས་པ་འདིའི་བྱིངས་རྣམས་ཆེས་གནའ་བོའི་དུས་སུ་བྲིས་པ་ཞིག་ ཡིན་པ་གོར་མ་ཆག་ལ། འོན་ཀྱང་ཚིག་སྦྱོར་ཕལ་ཆེར་ཉམས་པ་དང་། བླུན་འཆར་གྱི་རྫུན་ཡང་མང་དུ་བསྲེས་པས་ཡི་གར་འོང་བ་ཞིག་མི་འདུག  ཅེས་གསུངས་པ་ཆེས་ཆེར་དོན་ལ་གནས་ཤིང་། རྒྱལ་དབང་རང་ཉིད་ཀྱིས་ཀྱང་དུ་ཀུ་ལའི་གོས་བཟང་དུ། ཐང་ཡིག་གི་ལོ་ཚིགས་སོགས་བསྒྲིག་ཐབས་མེད་ཅེས་མ་དག་པར་གསུངས། དེས་ན་ཁྲི་སྲོང་ལྡེ་བཙན་ལ་སྲས་གསུམ་ཡོད་པའི་ཆེ་བ་མུ་ནེ་བཙན་པོ་རྒྱལ་སར་ བཞུགས་ཏེ་འབངས་ཀྱི་དབུལ་ཕྱུག་ལན་གསུམ་བསྙམས་པ་སོགས་ཕྱག་རྗེས་ཆེ་ཡང་མ་ཡུམ་ ཕྲག་དོག་གི་དབང་དུ་སོང་སྟེ་དུག་དྲངས་ནས་བཀྲོངས། འབྲིང་བ་མུ་ཏིག་བཙན་པོ་བློན་པོ་འགོས་ཀྱིས་ས་མཐར་སྤྱུགས། ཆུང་བ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་རྒྱལ་སར་བཞུགས་ཏེ་རྒྱལ་ཁམས་ཆོས་ བཞིན་བསྐྱངས་པ་ཡིན་ཏེ། བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ལས། འབྲིང་བོ་མུ་ཏིག་བཙན་པོ་ནི། སྔར་ཡབ་རྒྱལ་བོ་དང་བློན་པོ་ཞང་གཉིས་དམག་སྲིད་སོགས་ཀྱི་དོན་ལ་བཀའ་བགྲོས་ སྐབས་སྒོ་སྲུང་ལ་ཞང་རྒྱལ་ཚ་ལྷ་སྣང་གི་བུ་དབུ་རིང་བཞག་པ་ལ། སྲས་མུ་ཏིག་བཀའ་བགྲོས་སར་འགྲོ་གྲབས་བྱེད་སྐབས་དབུ་རིང་གིས་བཀག་པས། སྲས་ཀྱིས་ཆུ་གྲི་བསྣུན་ཏེ་བཀུམས། བློན་པོ་འགོས་ཀྱིས་ཞལ་ལྕེ་གསུམ་དང་སྡིག་གསུམ་བཅད་དེ། སྲས་མུ་ཏིག་ས་མཐར་སྤྱུགས་པ་རྒྱལ་སར་འདོན་རྒྱུ་བྱས་ཏེ་སྤྱན་དྲངས་མོད། ལམ་དུ་སྣ་ནམ་པས་ཆིབས་དཀྲོགས་ཏེ་ལྷུང་ནས་རྟ་གྲིར་འདས་ཞེས་དང་། སྲིད་དོན་རྒྱལ་རབས་ལས་ཀྱང་དེ་དང་མཐུན་པར། བློན་པོ་འགོས་ཀྱིས་ཞལ་ལྕེ་དགའ་གསུམ་དང་། སྡུག་གསུམ་བཅད་པའི་དོན་བཞིན། ལྷོ་བྲག་ཏུ་ལོ་དགུ་སྤྱུགས་པས་རྒྱལ་བོ་གནང་མ་ཐུབ། ཁོ་བོ་ལོ་གཞོན་སྐབས་མུ་ཏིག་བཙན་པོ་སྤྱུགས་པའི་གནས་དེར་མཇལ་བར་བསྐྱོད་པ། ལྷོ་བྲག་མཁར་ཆུ་ན། རུ་ཀླུང་ཐམས་ཅད་ནགས་ཚལ་སྟུག་པོས་ཁྱབ་ཅིང་། ཤིན་ཏུ་གཟར་ཞིང་དོག་པའི་ཅ་ཕྲེང་བརྒྱུད་བྲག་རི་མཐོན་པོ་གཡང་ས་ཅན་ཞིག་གི་ ལྡེབས་སུ་ཕུག་རིང་ཞེས་པའི་བྲག་གི་ཕུག་པ་ཆེ་ཆུང་གསུམ་མཇལ། དེའི་གནས་འཛིན་པས་མུ་ཏིག་བཙན་པོ་བཞུགས་པའི་སྐབས་ཀྱི་ལོ་རྒྱུས་སྙན་མོ་དང་ སེམས་སྐྱོ་བོ་མང་བོ་ཞིག་བརྗོད་བྱུང་། ཞེས་གསུངས་འདུག་པ་ལྟར་རོ། །
  ༧༨ ཞུབ་ཆེན______བརྡ་རྙིང་ཞིག་སྟེ་སྐབས་འདིར་སྲ་འཐས་ཀྱི་གོ་ཆ་གྱོན་པའི་དམག་ལ་གོ། དཔེ་ལ་ལར་ཕུབ་ཆེན་ཞེས་བྲིས་པའང་ཡོད།
  ༧༩ རྡོ་རྗེ་ལེགས་པ______བསྟན་པ་བསྟན་འཛིན་དང་བཅས་པ་སྐྱོང་ཞིང་འཕྲིན་ལས་བསྒྲུབ་ པར་ཁས་བླངས་ཤིང་དམ་བཅས་པར་མཛད་པའི་འཇིག་རྟེན་པའི་ཚུལ་འཛིན་གྱི་སྲུང་མ་དམ་ ཅན་རྡོ་རྗེ་ལེགས་པ་ནི་གནམ་ས་ཕྱེད་ཀྱི་བདག་པོ་ཡིན་ཞེས་བརྗོད་སྲོལ་ཡོད་ལ། རྒྱུད་གྲྭ་སོགས་ནང་བའི་དགོན་སྡེ་ཕལ་མོ་ཆེ་ཞིག་གིས་སྲུང་མར་མཆོད་ཀྱིན་ཡོད། དེ་ལ་བཙན་འཁོར་སུམ་བརྒྱ་དྲུག་ཅུ་ཡོད་པ་ལས། བརྒྱ་ནི་རྒྱ་གར་ཡུལ་ན་བཞུགས། །བརྒྱ་ནི་རྒྱ་ནག་ཡུལ་ན་བཞུགས། །བརྒྱ་ནི་གྲུ་གུའི་ཡུལ་ན་བཞུགས། །དྲུག་ཅུ་བོད་ཀྱི་ཡུལ་ན་བཞུགས། །ཞེས་གསུངས་ཏེ་དེབ་དཀར་དུ་གསུངས་པ་བཞིན་མུ་ནེ་བཙན་པོ་དམག་ལ་ཆས་སྐབས་ཀྱི་རུ་ དཔུང་དང་ཧ་ཅང་འདྲ་མཚུངས་ཤིག་མ་ཡིན་ནམ། སྤྱིར་དམ་ཅན་ལ་དམ་ཅན་མགར་བ་ནག་པོ་དང་། དམ་ཅན་ར་ཞོན་སོགས་རིགས་མང་བོ་ཞིག་ཡོད་པར་བཤད།
  ༨༠ ཐང་ཞུ______སྔར་བོད་ཀྱི་བླ་ཆས་ནང་གསེས་དབྱར་ཞྭ་ཞིག  སྐབས་འགར་དེ་ལ་སག་ཞུའང་ཟེར་བར་སྣང་སྟེ། གསེར་ཐང་ལས། རྒྱལ་བོ་དང་རྡོ་རྗེ་ལེགས་པ་སོགས་སག་ཞུ་གྱོན་པ་ཡིན་ལ། བྷར་མ་རྣམས་ནི་བོད་རིགས་འཁྲུལ་མེད་དུ་ཀུན་གྱིས་ཡིད་ཆེས་པ་ཡིན། ཁོང་རྣམས་ཀྱི་རྒྱལ་བོས་ཀྱང་སྐབས་སྐབས་སུ་སག་ཞུ་གྱོན་པ་ཡིན་ནོ། །དེས་ན་རང་རེའི་བཙན་པོས་ཀྱང་སག་ཞུ་འདྲ་གྱོན་པ་ཨེ་ཡོད་སྙམ། ཞེས་པ་ལས་ཐང་ཞུ་ཞེས་བྲིས་མེད།  དེས་ན་ཐང་ཞུ་ནི་གཞི་སེར་བོའི་སྟེང་དུ་སྤྲིན་རིས་ཡོད་པ། གཙུག་ཟླུམ་པོ་ཏོག་དང་ལྡན་པ་ཞིག་སྟེ་བོད་རྒྱ་ཚིག་མཛོད་ཆེན་མོའི་མཇུག་ཏུ་རི་ མོར་བཀོད་ཡོད་པས་གཟིགས་པར་ཞུ།  
  ༨༡ རྒྱ་གར་ཤར་ངོས་ཀྱི་བྷར་མ་བ______བྷར་མའམ་འབར་མ(缅甸)རུ་འབོད་པའི་རྒྱལ་ཁབ་དེ་ ནི། ཡ་གླིང་ཤར་ལྷོའི་ལྷོ་དབུས་ཀྱི་གླིང་ཕྲན་ཕྱེད་མའི་བྱང་ཕྱོགས་སུ་ཆགས་ཡོད་ལ། བོད་དང་རྒྱ་གར། བྷང་ག་ལ་སོགས་དང་འདབས་འབྲེལ་ཡིན། སྤྱི་ལོ་མ་ཚུགས་པའི་ཡར་སྔོན་ནས་རྒྱལ་ཁབ་རང་རྐྱ་བའི་རྣམ་པར་གནས་ཤིང་ཐོག་མའི་ རིགས་རྒྱུད་ཕལ་ཆེར་བོད་ནས་མཆེད་ཚུལ་དེབ་དཀར་དང་གསེར་ཐང་ལས་གསུངས་པར་མ་ཟད། སྲིད་དོན་རྒྱལ་རབས་ལས་ཀྱང་། ཕྱི་རྒྱལ་གྱི་སྒྲའི་བརྟག་དཔྱད་མཁས་པ་རྣམས་ཀྱིས་བརྗོད་ན། བོད་སྐད་དང་སྦར་མའི་སྐད་འབྲེལ་བ་ཡོད་ཚུལ་ཟེར་བ། འདི་ནི་སྦར་མ་པ་བོད་ཀྱི་རིགས་ལས་མཆེད་པ་ཁོང་ཅག་གི་རྒྱལ་རབས་སུ་གསལ་བ་མ་ཟད། ལོ་བརྒྱ་ཕྲག་དྲུག་པའི་ནང་ནས་སྦར་མའི་སྟོད་རྣམས་བོད་ཀྱི་མངའ་འོག་ཏུ་ལོ་མང་ བསྡད་གཤིས་བོད་པའི་སྐད་ནས་སྦར་མའི་སྐད་དུ་འབྲེལ་བ་བྱུང་བ་ཞིག་ཡིན། ཞེས་གསུངས།
      འབར་མས་སྤྱི་ལོ་༡༨༢༤ལོ་དང་༡༨༥༢ལོ། གཞན་སྤྱི་ལོ་༡༨༨༥ལོ་སྟེ་ཐེངས་གསུམ་ལ་དབྱིན་ཇི་བ་དང་འཐབ་འཛིང་བྱས་མཐར་ཕམ་ སྟེ་དབྱིན་ཇི་བས་དབང་བསྒྱུར་བྱས། སྤྱི་ལོ་༡༨༩༧ལོར་དབྱིན་ཇི་ལ་གཏོགས་པའི་རྒྱ་གར་གྱི་ཞིང་ཆེན་ཞིག་ཏུ་གྱུར། སྤྱི་ལོ་༡༩༣༧ལོར་སླར་ཡང་དབྱིན་ཇི་བས་ཐད་ཀར་དབང་བསྒྱུར། འཛམ་གླིང་འཁྲུག་ཆེན་གཉིས་པའི་ཁྲོད༼༡༩༤༢-༡༩༤༥༽ འཇར་པན་གྱིས་བཟུང་ཡང་ཕྱིས་སུ་དབྱིན་ཇི་བར་དབང་། སྤྱི་ལོ་༡༩༤༨་ལོའི་ཟླ་དང་བོའི་ཚེས་བཞི་ཉིན་རང་བཙན་བྱས་ཏེ་འབར་མ་རྒྱལ་ཕྲན་ མཉམ་འབྲེལ་དུ་གྱུར། སྤྱི་ལོ་༡༩༧༤ལོར་འབར་མ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་ རྒྱལ་ཁབ་ཏུ་བསྒྱུར། སྤྱི་ལོ་༡༩༨༤ལོར་བསྡོམས་བརྩིས་བྱས་པ་ལྟར་ན་མི་གྲངས་ཁྲི་༣༧༦༡ཡོད་པར་བཤད་ལ་ འབར་མ་རང་གི་སྐད་སྤྱི་སྐད་དུ་སྤྱོད། འབར་མ་མི་རིགས་ཀྱིས་༧༥% ཟིན་ཅིང་ཁུ་ལོན་མི་རིགས་སོགས་མི་རིགས་གཞན་པ་ཁ་ཤས་ཀྱང་ཡོད། མི་གྲངས་༨༥% ཙམ་གྱིས་ནང་ཆོས་ལ་དད་པ་བྱེད་ཀྱིན་ཡོད་འདུག་གོ། །
  ༨༢ དམར་བོ་རི་ལ་ཁྲི་བཙུན་གྱིས་བཞེངས་པའི་ཕོ་བྲང་དམར་བོ______དམར་བོའི་རི་ནི་ ལྷ་སའི་པོ་ཏ་ལའི་ཕོ་བྲང་ཆགས་སའི་རི་བོའི་མིང་སྟེ། གླང་བོ་ཆེ་བྲེས་ཀྱི་ནང་དུ་ཉལ་བ་ལྟ་བུའི་དབྱིབས་སུ་ཡོད་པར་བཤད། བལ་བཟའ་བོད་དུ་བྱོན་རྗེས་སྲོང་བཙན་སྒམ་པོར་ཕོ་བྲང་བཙན་པོ་ཞིག་བཞེངས་འདུན་ ཡོད་ཚུལ་ཞུས་པ་བཞིན་རྒྱལ་བོས་བཀས་གནང་བས། དམར་བོའི་རིའི་ཕྱོགས་སུ་ལྕགས་རིའི་ཕྲེང་བ་གསུམ་གྱིས་བསྐོར་བའི་ནང་དུ་མཁར་ དམར་བོ་རྩེ་མོར་མདའ་མདུང་རལ་གྲིས་བརྒྱན་ཅིང་དར་དམར་བོ་བཅུ་རེ་ཕྱར་ཏེ་དར་ ཡུག་གིས་སྦྲེལ་བ་དགུ་བརྒྱ་དགུ་བཅུ་གོ་དགུ་དང་། དམར་བོ་རིའི་རྩེར་རྒྱལ་བོའི་ཕོ་བྲང་གཅིག་བཅས་མཁར་སྟོང་ཕྲག་ཙམ་བཞེངས། དེ་དག་ལ་དྲིལ་བུ་དང་གཡེར་ཁའི་སྒྲ་འཁྲོལ་བ། རྔ་ཡབ། པུ་ཤུ། མུ་ཏིག་གི་དྲ་བ་དྲ་ཕྱེད་སོགས་ཀྱིས་ཉེ་བར་བརྒྱན་ཅིང་ཕྱོགས་བཞི་ན་འདོད་དགུའི་ ཡོ་བྱད་ངང་གིས་འདུ་བའི་སྒོ་བཞི་ལྕོག་བཞིས་རྣམ་པར་མཛེས་པ། ལེགས་པའི་དབང་དུ་བྱས་ན་ལྷའི་དབང་བོའི་རྣམ་པར་རྒྱལ་བའི་ཁང་བཟང་དང་འདྲ་བ། འཇིགས་པའི་དབང་དུ་བྱས་ན་སྲིན་པོའི་གྲོང་ཁྱེར་ལིངྒ་པུ་རི་དང་ཆ་འདྲ་བ། བཙན་པའི་དབང་དུ་བྱས་ན་མཐའི་དམག་བྱུང་ཡང་མི་ལྔས་བསྲུངས་ཐུབ་པའི་ཁྱད་ཆོས་དང་ ལྡན་ནོ། །
      དེའི་ཕྱི་རོལ་ཏུ་རྟ་རྒྱུག་ས་དཀྱུས་སུ་ས་འདོམ་སུམ་བརྒྱ། ཟབ་ལ་འདོམ་དོ། ཞེང་དུ་ས་འདོམ་བཅོ་བརྒྱད་ཡོད་པ་ལ་གདུང་ལེབ་བསྒྲིགས་པའི་ཐོག་སོ་ཕག་བཏིང་བ། རྟ་གཅིག་བརྒྱུགས་ཀྱང་དུ་མ་བརྒྱུགས་པའི་སྒྲ་འབྱུང་བ་སོགས་ངོ་མཚར་བ། དེའི་ལྷོ་ཕྱོགས་སུ་བྲག་ལྷ་བཀྲ་ཤིས་ཀྱི་གཞལ་ཡས་ཁང་བྱ་བ། ཁྲི་བཙུན་རང་གི་སྐུ་མཁར་དགུ་ཐོག་ཅན། མཐའ་གྲུ་ཆེ་ཞིང་མཐོ་ལ་ལེགས་པ། བཀོད་པས་མཛེས་པ་ཞིག་བཞེངས་སོ། །རྒྱས་པར་བཀའ་ཆེམས་ཀ་ཁོལ་མ་སོགས་ལ་གཟིགས།
      ཁྲི་རྩེ་དམར་བོར་གྲགས་པའི་ཕོ་བྲང་དེ་ནི་དམག་འཁྲུག་དང་རང་བྱུང་ཁམས་ཆེན་པོའི་ འཚེ་བ་སོགས་ཆག་འཇིག་དུ་མའི་ཀློང་ནས་མིང་གི་ལྷག་མར་གྱུར་ཀྱང་། དེའི་རྗེས་ཤུལ་དུ་རྒྱལ་དབང་ལྔ་བ་ཆེན་པོས་ཤར་ཕྱོགས་ཀྱི་ཕོ་བྲང་དཀར་བོ་དང་ སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཙོ་འགན་བཞེས་ཏེ་ཕོ་བྲང་དམར་བོ་ལེ་ལག་དང་བཅས་པ་ རྒྱས་བསྐྲུན་མཛད་པས་ད་ལྟ་སའི་སྟེང་ན་ལག་རྩལ་དང་ཁྱད་ཆོས་ཀྱིས་མངོན་པར་མཐོ་ བའི་གནའ་བོའི་ཕོ་བྲང་པོ་ཏ་ལ་ཞེས་པ་འདི་བྱུང་བ་ཡིན་ནོ། །
  ༨༣ ལ་རྩེ______འདི་ལ་ལབ་ཙེ་དང་ལ་བཙས། ལབ་རྩེ། ལ་རྫི་སོགས་འབྲི་ཚུལ་དུ་མ་ཞིག་ཡོད། དེ་ཡང་རྫ་རི་དང་བྲག་རི། གངས་རི་དང་སྤང་རི་རྣམས་ཀྱི་རྩེ་མོར་ལབ་ཙེ་བརྩིགས་པ་ནི་བོད་ཀྱི་ས་ཁོངས་མཚོན་ བྱེད་མཆོག་ཏུ་གྱུར་བ་དང་མི་རིགས་གཞན་ལ་མེད་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ ཡིན་ཡང་ཕྱིས་སུ་སོག་པོ་སོགས་འགའ་རེར་ཡང་ནང་ཆོས་དང་ལྷན་ཅིག་ལུགས་དེ་དར། གནས་གང་དུ་ལབ་ཙེ་ཞིག་ཡོད་ན་དེའི་ཉེ་འཁོར་དུ་བོད་ཀྱི་རུ་སྡེ་རེ་ཡོད་ཅིང་ས་ དེ་ནི་བོད་ཀྱི་དབང་རིས་སུ་གཏོགས་པ་མཚོན་ཏེ། དེང་གི་ཆར་ཡང་ཡུལ་ཁ་ཅིག་ཏུ་སྔོན་གྱི་ས་མཚམས་ཆུ་མཚམས་དེ་ལབ་ཙེ་ཚད་མར་བཟུང་ ནས་འབྱེད་མཁན་ཡོད་པས་ཀྱང་དཔོག་ཐུབ། དེའི་ཕྱིར་ལབ་ཙེ་འདི་དེབ་དཀར་དུ་གསུངས་པ་ལྟར་འབངས་རྣམས་ཀྱིས་བལ་བཟའ་ཁྲི་ བཙུན་གྱི་ཕོ་བྲང་ལ་དཔེ་བླངས་པ་ཁོ་ན་ཞིག་ཡིན་ཚོད་མི་འདུག་སྟེ། ཐོག་མའི་རྣམ་པ་ནི་ས་ཐོའམ་ས་འབུར་རེ་བསླངས་པ་ཡིན་ཚུལ་གྱི་བཤད་པ་གཞན་དང་གཞན་ ན་མང་ལ་དོན་ལའང་གནས་པར་སེམས།
      དེ་ཡང་སྔོན་ཁྱིམ་ཚང་སོ་སོས་རྒྱུ་ནོར་འཇོག་ས་དེར་བདག་པོ་ཡོད་པའི་རྟགས་སུ་ས་ ཐོ་རེ་བསླངས་ཤིང་གཞན་གྱིས་དེ་མཐོང་ཚེ་བཤོལ་ནས་འགྲོ་བར་མ་ཟད། ཕྱག་རྒྱས་མཚན་པའི་དངོས་པོར་རང་འདོད་ཀྱིས་ལོངས་སྤྱད་ན་བཀྲ་མི་ཤིས་པ་དང་གྱོད་ ཀྱི་སྣ་འདྲེན་དུ་བརྩི། རྗེས་སུ་དམག་འཁྲུག་དང་ས་རྩོད་སོགས་ཆེས་ཆེར་དར་ཚེ་ས་ཐོའི་བརྡ་རྟགས་དེ་ཡང་ མདའ་མདུང་རལ་གྲི་སོགས་ཕྱུར་བུར་སྤུངས་ཏེ་ལབ་ཙེའི་རྣམ་པར་གྱུར་ལ། དེས་ནི་ལབ་ཙེ་བརྩིགས་མཁན་ཡོངས་ཀྱི་ཕུགས་བསམ་གཅིག་ཅིང་མཐུན་སྒྲིལ་ཡོད་པ། ཞི་བདེ་ལ་དགའ་བ་མཚོན་པར་མ་ཟད་སྔར་བཞིན་བདག་དབང་ས་ཁོངས་ཀྱང་མཚོན་གྱིན་ཡོད། བོན་ཆོས་དང་ནང་ཆོས་སོགས་སྔ་ཕྱིར་བོད་ལ་དར་བ་དང་ཆབས་གཅིག་ལབ་ཙེ་དེ་ཡུལ་ལྷ་ གཞི་བདག་གི་ཕོ་བྲང་ངམ་རྟེན་མཁར་དུ་བསྒྱུར། མཁས་པ་ལ་ལས་ལབ་ཙེ་ཞེས་པ་ཞང་ཞུང་གི་སྐད་དེ་སྣོད་ཀྱི་དོན་ལ་འཇུག་པས་མཁར་སྣོད་ དམ་རྟེན་གཞིར་གོ་དགོས་པར་ཡང་བཤད།  ལབ་ཙེ་ལ་གསས་མཁར་ཡང་ཟེར་ཏེ་གསས་ནི་ལྷའི་མིང་ཡིན་པས་ལྷ་ཁང་དང་དོན་གཅིག་གོ། །
      ལབ་ཙེ་ལ་དབྱེ་ན། ཀྱེ་ཏུ་དང་། ལབ་ཙེ། དཔའ་མཁར་བཅས་རིགས་གསུམ་ཡོད་ཅིང་། རི་མགོ་ནས་བརྩིགས་ན་ཀྱེ་ཏུ་དང་། རི་སྐེད་ནས་བརྩིགས་ན་ལབ་ཙེ། མདོ་ནས་བརྩིགས་ན་དཔའ་མཁར་ཟེར། ཡང་ན། ཞྭ་དམར་བ་དགེ་འདུན་བསྟན་འཛིན་རྒྱ་མཚོས། བཙན་པོའི་ལབ་ཙེ་རི་ཡི་རྩེ་མོ་དང་། །འཕན་པོའི་ལབ་ཙེ་རི་ཡི་ཁེལ་ཁ་སྟེ། །ཕྱུག་པོའི་ལབ་ཙེ་རི་ཤོལ་ཀློང་དུ་བརྩིགས། །ཡུལ་མིའི་བཙན་ཕྱུག་འཕན་གསུམ་བར་དུ་བྱས། །ཞེས་གསུངས། ལབ་ཙེ་བསྟོད་པ་ནི་ཡུལ་ལྷ་གཞི་བདག་ལ་མཆོད་འབུལ་བྱེད་པའི་འཇིག་རྟེན་པའི་ཆོས་ ལུགས་ཀྱི་བྱེད་སྒོ་ཞིག་སྟེ། དགྲ་འདུལ་གཉེན་སྐྱོང་སོགས་ལ་སྡོངས་གྲོགས་བྱེད་པའི་ཆེད་ཡིན་པར་མ་ཟད། ཐུན་མོང་གི་ལས་དབང་དང་རང་རྐྱ་བའི་ཁེ་དབང་ཞིག་ཀྱང་མཚོན་གྱིན་ཡོད་པར་སྙམ། ལབ་ཙེ་བསྟོད་སྲོལ་འདི་ཆེས་འཕྱི་ནའང་མགར་སྟོང་བཙན་སྐབས་ནས་ཡོད་པ་རྒྱལ་རབས་ གསལ་མེ་སོགས་སུ་གསལ་བ་ལྟར་ཡིན་ལ། མཐུ་ཆེ་བ་ལ་མཚོན་ཆ་འབུལ་བའི་སྲོལ་ནི་གཉའ་ཁྲི་བཙན་པོའི་དུས་ནས་ཡོད་པར་བཤད། ལབ་ཙེའི་མདའ་ཤིང་གི་རྒྱུ་ནི་གསོམ་དཀར་དང་ཤུག་པ་གཙོ་ཆེ་ཞིང་། འབྲོང་མགོའི་ལབ་ཙེ་དང་། ཤྭ་རྭའི་ལབ་ཙེ། སྤེན་མའི་ལབ་ཙེ་སོགས་ཀྱང་ཡོད་དོ། །རྒྱས་པར་གྲུབ་མཐའ་སོ་སོའི་སྔོན་བྱོན་མཁས་པས་མཛད་པའི་ལབ་ཙེའི་བསྟོད་ཆོག་ སོགས་ལས་ཤེས་པར་བྱའོ། །
  ༨༤ གོང་ས་ལྔ་བ______རྒྱལ་དབང་སྐུ་ཕྲེང་ལྔ་བ་རྗེ་བཙུན་ངག་དབང་བློ་བཟང་རྒྱ་མཚོ་ ༼1617-1682༽མཆོག་ནི་ལྷོ་ཁ་འཕྱོངས་རྒྱས་སུ་སྐུ་འཁྲུངས་ཤིང་དགུང་གྲངས་རེ་ དྲུག་པར་སྐུ་གཤེགས། སྤྱི་ལོ་༡༦༤༡ལོར་གུ་ཤྲཱི་བསྟན་འཛིན་གྱི་རོགས་རམ་ལ་བརྟེན་ནས་དགའ་ལྡན་ཕོ་བྲང་ ཞེས་པའི་སྲིད་དབང་འབྲས་སྤུངས་སུ་བཙུགས། ༡༦༤༥ ལོར་ཕོ་བྲང་དམར་བོ་གསར་བཞེངས་བྱས། སྡེ་སྲིད་ཀྱི་གོ་གནས་ཀྱང་ཁོང་གིས་སྲོལ་བཏོད། དཔར་ཁང་དང་སྨན་རྩིས་ཁང་མང་བོ་གསར་འཛུགས་དང་ཐ་སྙད་རིག་གནས་བོད་ཁམས་ཡོངས་ལ་ དར་བའི་ཕྱག་ལས་མང་དུ་གནང་། ༡༦༥༢ ལོར་གོང་མ་ཧྲིན་ཀྲིས་རྒྱ་ནག་ཏུ་གདན་དྲངས་ཏེ་རྒྱ་བོད་བར་མཆོད་ཡོན་གྱི་འབྲེལ་ བ་ཡག་པོ་བྱུང་། གསུང་འབུམ་པོད་སུམ་ཅུ་ལྷག་བཞུགས།
  ༨༥ ལྷ་ལྡན______ལྷ་ས་གྲོང་ཁྱེར་གྱི་མིང་གི་རྣམ་གྲངས་ཏེ། ལྷ་ཤཱཀྱ་མུ་ནེ་དང་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་བཞུགས་སའི་གནས་ཡིན་པས་ན་ ལྷ་ལྡན་ཞེས་བཏགས་པར་གསུངས་སོ། །
  ༨༦ གཙུག་ལག་ཁང______སྤྱིར་གཙུག་ལག་ཁང་ཞེས་པ་ནི་དུང་དཀར་ཚིག་མཛོད་ལས། རྩིས་དང་རིག་གནས་ཆུང་བའི་དཔེ་ཆ་ལ་གཙུག་ལག་ཟེར་བ་དང་། ཡང་ན་གཙུག་ནི་ཆོས་དང་། ལག་ཅེས་པ་སངས་རྒྱས་དང་དགེ་འདུན་ཏེ་དཀོན་མཆོག་གསུམ་བཞུགས་ས་དེ་ལ་གཙུག་ལག་ཁང་ ཞེས་ཟེར་རོ། །ཞེས་གསུངས་པ་ལྟར་ལགས་ཀྱང་། ཡོངས་གྲགས་ཀྱི་ལྷ་སའི་ར་ས་འཁྲུལ་སྣང་གི་གཙུག་ལག་ཁང་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོས་ཁབ་ཏུ་བཞེས་པའི་བལ་བཟའ་ཁྲི་བཙུན་གྱིས་སྤྱི་ལོའི་ དུས་རབས་བདུན་པའི་ནང་དུ་བོད་ཀྱི་ངལ་རྩོལ་མི་དམངས་དང་བལ་ཡུལ་གྱི་བཟོ་བོ་ སོགས་ཀྱི་སྟོབས་ཤུགས་དང་ལག་རྩལ་ལ་བརྟེན་ཏེ་བཞེངས་པའི་ད་ལྟའི་ལྷ་སའི་ཇོའི་ ཁང་དུ་གྲགས་པ་དེ་ཡིན་ནོ། །ཕྱོགས་བཞིའི་ཟུར་ལྕོག་རྣམས་བསྣན་ན་ཐོག་ཚད་བཞི་ཡོད་ཅིང་ལོ་ངོ་ཆིག་སྟོང་སུམ་ བརྒྱ་ལྷག་གི་ལོ་རྒྱུས་ལྡན། ཐོག་མར་བཞེངས་ཡུལ་དུ་འོ་ཐང་གི་མཚོ་ཟེར་བ་ཞིག་ཡོད་པའི་དཀྱིལ་དུ་རྡོའི་མཆོད་ རྟེན་བརྩིགས་ཤིང་ཕྱོགས་བཞི་མཚམས་བརྒྱད་དུ་གདུང་མ་བརྣོལ་མར་བཏང་བ་དེའི་ཐོག་ ཏུ་ར་མ་ཞིག་ལ་ས་རྡོ་བཀལ་ཏེ་མཚོ་བསྲུབས་ནས་གཙུག་ལག་ཁང་བཞེངས་པར་བརྟེན་ར་ས་ འཁྲུལ་སྣང་གི་གཙུག་ལག་ཁང་ཞེས་ཐོགས་སོ། །
      གཙུག་ལག་ཁང་འདིར་ཐོག་མར་བལ་བཟས་བལ་ཡུལ་ནས་གདན་དྲངས་པའི་ཇོ་བོ་མི་བསྐྱོད་ རྡོ་རྗེ་བཞུགས་སུ་གསོལ་ཡང་རྗེས་སུ་རྒྱ་དམག་གི་འཇིགས་པ་ཆེན་པོ་འོང་རྒྱུའི་ སྐད་ཐོས་པར་བརྟེན་ཇོ་བོ་ཤཱཀྱ་མུ་ནེ་བཞུགས་སུ་གསོལ་༼ཇོ་བོ་མི་བསྐྱོད་རྡོ་ རྗེ་ར་མོ་ཆེའི་གཙུག་ལག་ཁང་དུ་གདན་དྲངས།༽ཏེ་བོད་ཁ་བ་ཅན་གྱི་ཆོས་རིག་གཉིས་ ཀྱི་ལྟེ་གནས་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་ལྟར་ལགས་སོ། །

འབྲེལ་ཡོད་འོས་སྦྱོར།